༢༠༡༣ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕ་རན་སིའི་གྲོས་ཚོགས་གོང་མའི་ (Senate) ནང་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིན་ཕ་རན་ཀོ་ཨིས་ཧམ་བྷར་ཊི་(Mr. Jean-François Humbert) མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། སྲིད་སྐྱོང་མཆོག་ནི་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་ཞིག་ཡིན་སྟབས། བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་ཐུབ་པར་བརྟེན་ཐེངས་འདིར་སྲིད་སྐྱོང་མཆོག་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་མགྲོན་འབོད་ཞུ་ཐུབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང། ཞེས་གསུངས་ཡོད།
གཞན་ཡང་སྐབས་དེར་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ལ་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ (Senate Foreign Relations Committee) ནང་ཙམ་མ་ཟད། ཕ་རན་སིའི་གྲོས་ཚོགས་ཀྱི་ཡུ་རོབ་ལས་དོན་ཚན་པའི་ (European Committee.)ནང་དུའང་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་སྐོར་སོགས་ཀྱི་ལས་དོན་རྣམས་གསལ་བཤད་གནང་ཡོད། ཕྱོགས་མཚུངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཡུལ་དེས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང། འདྲ་མཉམ། འཆམ་མཐུན། མང་གཙོ་སོགས་ཀྱི་རིན་ཐང་དེ་དག་ལ་གཙིགས་ཆེར་འཛིན་པའི་སྲོལ་རྒྱུན་དེ་རྒྱུན་འཛིན་ལག་བསྟར་གྱིས་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་གྱི་དུས་སྐབས་འདིར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད།
བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་འཚེ་མེད་ཞི་བ་དང་མང་གཙོའི་རིན་ཐང་དེ་དག་ལ་གཞི་བཅོལ་ཏེ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང། ད་ཆ་ཕ་རན་སིའི་གཙོས་འཛམ་གླིང་ནང་རང་དབང་ཡོད་པའི་སྲིད་གཞུང་ཁག་གིས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བའི་རིན་ཐང་དེ་དག་ལ་བརྩིབཀུར་ཞུས་དང་ཞུ་མུས་ཡིན་སྐོར་གསུངས་ཡོད། མཐར་སྲིད་སྐྱོང་མཆོག་གིས་གནད་དོན་གཉིས་ཐོག་གསལ་བཤད་གནང་བའི་དང་པོ་ནི། བོད་མིའི་སྒྲིག་འཛུགས་ངོས་ནས་གཞིས་བཞུགས་བོད་མི་ཚོར་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་པའི་ཐོག་ནས་རང་ལུས་མེར་སྲེག་གཏོང་མཁན་ཚོས་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར། ཁ་བྲལ་མ་རྩོད་པར་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ལ་གཞི་བཅོལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འཐོབ་རྒྱུའི་སྲིད་བྱུས་དེར་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཅེས་གསུངས། དེ་རྗེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པའི་བོད་དོན་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ ཉིན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་བོད་རིགས་ཚོར་གསུང་བཤད་གནང་རྒྱུ་མ་ཟད། ཕ་རན་སིའི་གྲོས་ཚོགས་འོག་མའི་ (National Assembly) བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཐེངས་འདིར་སྲིད་སྐྱོང་མཆོག་ཕ་རན་སིའི་རྒྱལ་ས་པེ་རི་སིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པས་བོད་པའི་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་བཅས།།