༢༠༡༣ ཟླ་ ༤ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ རེས་གཟའ་ཉི་མའི་ཉིན་ཨོ་སི་ཊོ་ལི་ཡའི་སྲིད་བློན་ལྕམ་སྐུ་ཇི་ལ་ཌི་ (Ms Gillard) མཆོག་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་པིང་དང་ཐུག་འཕྲད་སྐབས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འགན་འཛིན་སྐུ་ཞབས་པོལ་བྷོར་ཀེ་མཆོག་གིས་ (Paul Bourke) ཡུལ་དེའི་སྲིད་བློན་མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་བྷོབ་ཀར་ (Bob Carr) མཆོག་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་སྐབས། རྒྱ་ནག་སྲིད་འཛིན་དང་ལྷན་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་སྲིད་བྱུས་སྐོར་གླེང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བའི་ནང་འཁོད་དོན། ད་བར་བོད་ནང་དུ་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དྲག་གནོན་སྲིད་བྱུས་རྒྱུན་འཁྱོངས་བྱེད་བཞིན་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུའི་འཁྱོག་བཤད་ཀྱིས་དྲིལ་ལོག་གི་ལས་འགུལ་ཤུགས་ཆེ་རུ་སྤེལ་བཞིན་ཡོད་པའི་ཁར། རང་སྲེག་ལས་འགུལ་དེ་ཁྲིམས་འགལ་ངེས་ཅན་པར་ངོས་འཛིན་བྱ་རྒྱུ་དང། བོད་ས་ཡོངས་སུ་དམ་བསྒྲགས་བྱེད་ཤུགས་ཧ་ཅང་ཆེ་རུ་བཏང་ཡོད། རྒྱ་ནག་གཞུང་གིས་སྲིད་བྱུས་དེར་ཡོ་བསྲང་དགོས་པ་ང་ཚོས་ལམ་སྟོན་མ་བྱས་ཚེ། བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མིའི་ཆེ་མཐོང། རང་དབང། དྲང་བདེན་སོགས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དེ་མུ་མཐུད་གནས་རྒྱུ་ཡིན། ཞེས་འཁོད་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་གནད་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན།
ཐེངས་འདིའི་སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་གླེང་རྒྱུ་ཡིན་སྐོར་གསུངས་འདུག་པ་བཅས། །