༢༠༡༣ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར་ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་བརྒྱད་པའི་ན་གཞོན་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་ནས་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༤ ཉིན་མཇུག་སྒྲིལ་གནང་ཡོད།
ད་ཐེངས་མ་ཧཱ་རཱཤ་ཏྲ་མངའ་སྡེའི་གྲོང་ཁྱེར་ཆེ་ཁག་པུ་ནེ་ (Pune) དང་ཀོ་ལ་པུར། (Kolhapur) ཀཱ་རཌ། (Karad) ས་ཏཱ་རཱ། (Satara) མུམ་བྷའི། (Mumbai) ཐཱ་ནེ། (Thane) ན་སིག (Nashik) ཨོ་རངྒཱ་བྷ་ཏི། (Aurangabad) ཨམ་རཱ་ཝ་ཏི། (Amaravati) ནཱག་པུར། (Nagpur) བྷན་ད་ར་གཞིས་ཆགས། (Bhandara Norgyeling Tibetan Settlement) ཝར་དཱ། (Wardha) ཡ་ཝ་ཏི་མལ། (Yavatmal) ནན་དེ་ཏི (Nanded) དེ་བཞིན་ཤོ་ལ་པུར (Solapur) བཅས་ནང་སྐོར་བསྐྱོད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་མ་རཱ་ཏི་དང་དབྱིན་ཡིག་སོགས་སྐད་ཡིག་འདྲ་མིན་ནང་བྲིས་པའི་སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ། དེ་བཞིན་མང་ཚོགས་ལ་གོ་རྟོགས་སྤེལ་ཡོད་པ་མ་ཟད། གསར་འགོད་གསལ་བསྒྲགས་སོགས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་བརྒྱ་ལྷག་གིས་བསྟུད་མར་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པ་སོགས་དེང་སྐབས་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་བར་བརྟེན། བོད་མི་ཚོར་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་རུ་ཡོང་ཆེད་འབོད་སྐུལ་ཞུས་ཡོད།
ཐེངས་འདིའི་སྐོར་བསྐྱོད་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་རྣམས་ནི། བློ་བཟང་དཔལ་ལྡན་ལགས་དང། དགུ་གྲགས་ལགས། ཚེ་རིང་རྡོ་རྗེ་ལགས། དགྲ་ལྷ་ཚེ་རིང་༼ཀ༽ལགས། ཚེ་བརྟན་དངོས་གྲུབ་ལགས། ངག་དབང་རྡོ་རྗེ་ལགས། ཟླ་བ་རྒྱ་མཚོ་ལགས། སྐལ་བཟང་རྡོ་རྗེ་ལགས། དགྲ་ལྷ་ཚེ་རིང་༼ཁ༽ བློ་བཟང་མཐུ་སྟོབས་ལགས། བསྟན་འཛིན་བློ་གྲོས་ལགས། བསྟན་འཛིན་བློ་བཟང་ལགས། འཇམ་དབྱངས་རྡོ་རྗེ་ལགས། བསྟན་འཛིན་བདེ་ཆེན་ལགས་བཅས་ཡིན་འདུག
གཞན་ཡང་སྐོར་བསྐྱོད་སྐབས་རྒྱ་གར་ནང་པའི་ལྷན་ཚོགས་ (Indian Buddhist Community) དང། གྲོང་ཁྱེར་པུ་ནེ་ (SFT Pune) དང་བྷན་ད་ར་གཞིས་ཆགས་ Norgyeling སུ་ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་མང་ཚོགས། དེ་བཞིན་ནཱ་སིག་ས་གནས་བུད་མེད་ཚོགས་པ་ (TWA Nashik) བཅས་ཀྱིས་ཕེབས་བསུ་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྐོར་བསྐྱོད་གོ་སྒྲིག་ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུས་ཡོད། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞིས་གྲོང་བརྒྱད་པའི་ན་གཞོན་དང་བླངས་རུ་ཁག་གིས་ད་ཐེངས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཐེངས་གཉིས་པ་ཆགས་ཡོད། སྔ་ལོ་ཕྱི་ཟླ་ ༤ ནང་གཞིས་གྲོང་བརྒྱད་པའི་ན་གཞོན་དང་བླངས་རུ་ཁག་གིས་ཀར་ནཱ་ཊ་ཀ་མངའ་སྡེའི་ས་གནས་འདྲ་མིན་དང་གྲོང་ཁྱེར་ཆེ་ཁག་བཅས་ཀྱི་ནང་སྦག་སྦག་སྐོར་བསྐྱོད་ཀྱིས་རྒྱང་ཐག་ཀི་ལོ་མི་ཊར་ ༢༢༠༠ བསྐོར་བསྐྱོད་ཀྱིས་བོད་ནང་གི་གནས་སྟངས་སྐོར་སོགས་ངོ་སྤྲོད་ཀྱི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།
ད་ཐེངས་སྦག་སྦག་སྐོར་བསྐྱོད་ལས་འགུལ་སྐབས་ཐོག་མར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ཐོན་ནས་དེ་ཉིན་ཕྱེད་ཡོལ་ཆུད་ཚོད་ ༤ ཙམ་ལ་མཱ་ཧཱ་རཱཤ་ཏྲ་མངའ་སྡེའི་གྲོང་ཁྱེར་ཀོ་ལཱ་པུར་ (KHOLAPUR) དུ་འབྱོར་ཡོད། ས་གནས་དེར་སྐོར་བསྐྱོད་པ་རྣམས་ཀྱིས་བོད་དོན་ཡིག་ཆ་འགྲེལ་སྤེལ་དང་གསར་འགོད་པ་ཁག་གཅིག་དང་ཐུག་འཕྲད་གནང་བ་མ་ཟད། བསྒྲགས་གཏམ་གྱི་ཡིག་ཆ་སོགས་འགྲེམ་སྤེལ་གནང་སྟེ། ས་གནས་ཡུལ་མིའི་ཁྲོད་བོད་དོན་དྲིལ་བསྒྲགས་གང་ཐུབ་གནང་ཡོད། དེ་ནས་ཉིན་གཉིས་པར་གྲོང་ཁྱེར་ཀཱ་ར་ཊིར་ཕེབས་ཐོན་གྱིས་སྔ་དྲོ་ཆུ་ཚོད་ ༨ ཐོག་འབྱོར་སྐབས། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ཕེབས་ཏེ་མང་ཚོགས་ཁྲོད་ཡིག་ཆ་རྣམས་འགྲེམ་སྤེལ་གང་ཐུབ་གནང་ཡོད། དེ་ནས་ས་ཏཱ་རའི་ (Satara) ཕྱོགས་སུ་བསྐྱོད་ནས་ཁུལ་དེའི་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་འབབ་ཚུགས་སོགས་ཀྱིས་གཙོས་གལ་ཆེའི་ས་གནས་འདྲ་མིན་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཆེད། སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ་གནང་ཡོད།
ཕྱི་ཉིན་དེར་གྲོང་ཁྱེར་པུ་ནེའི་ (Pune) ནང་འབྱོར་རྗེས་ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ (SFT) ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་སྐོར་བསྐྱོད་པ་རྣམས་ཀྱིས་ས་གནས་རྒྱ་གར་དཱ་ལི་ཏིའི་ (Dalit) དབུ་ཁྲིད་སྙན་གྲགས་ཅན་སྐུ་ཞབས་བྷ་པུ་ས་ཧིབ་བྷོ་་སི་ལེ་མཆོག་ (Mr.Bappusaheb Bhosale) དང་ཐུག་འཕྲད་གནང་བ་མ་ཟད། ཁོང་གིས་སྐོར་བསྐྱོད་པ་རྣམས་ལ་མཚན་མོའི་སྡོད་ཁང་གི་མཐུན་འགྱུར་ཡང་གནང་འདུག ཕྱོགས་མཚུངས་བོད་རང་དབང་སློབ་ཕྲུག་ཚོགས་པ་ཁག་གཅིག་གིས་སྦག་སྦག་སྐོར་བསྐྱོད་བ་ཚོ་དང་ལྷན་མཉམ་བསྐྱོད་ཐོག གྲོང་ཁྱེར་པུ་ནེའི་ནང་སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ་གནང་བ་མ་ཟད། སྐུ་ཞབས་བྷ་པུ་ས་ཧིབ་བྷོ་སི་ལེ་མཆོག་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད།
དེ་ནས་མངའ་སྡེའི་རྒྱལ་ས་མུམ་བྷེའི་ཕྱོགས་སུ་བསྐྱོད་དེ་ཕྱེད་ཡོལ་ཁུལ་དེར་འབྱོར་འཕྲལ་རང་དབང་ཐང་ཆེན་ (Azad Maidan) ཞེས་པར་བསྐྱོད་དེ་ཡིག་ཆ་འགྲེམས་སྤེལ་དང་སྦྱར་ཡིག་གི་ལས་འགུལ་སོགས་བོད་དོན་དྲིལ་བསྒྲགས་གང་ཐུབ་གནང་རྗེས་གྲོང་ཁྱེར་ནཱ་ཤིག་བཅས་སུ་རིམ་བཞིན་ལས་འགུལ་སྤེལ་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་མོན་གྷོ་འདོད་རྒུ་གླིང་གི་གཞིས་ཆགས་སུ་ཕེབས་པ་དང་སྟབས་བསྟུན།
གཞིས་ཆགས་ཀྱི་སྤྱི་ཁང་དུ་སྦག་སྦག་སྐོར་བསྐྱོད་གནང་མཁན་རྣམས་ཆེད་དུ་མགྲོན་འབོད་གནང་སྟེ། ཡི་རང་བསྔགས་བརྗོད་ཀྱི་མཛད་སྒོ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད། སྐབས་དེར་ལས་འགུལ་བ་སྐུ་ཞབས་དགུ་གྲགས་ལགས་ཀྱིས་སྐོར་བསྐྱོད་སྐབས་མྱོང་ཚོར་ཇི་བྱུང་རྣམས་མང་ཚོགས་ལ་གསལ་བཤད་ཞིག་ཕྲ་གནང་རྗེས་མི་མང་ཚོས་བསྔགས་བརྗོད་ཀྱི་ཐལ་མོ་དྲག་ཏུ་བརྡབས་ཏེ་དགའ་བསུ་ཞུས་ནས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་རེ་ཞིག་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་བཅས།།