༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༥ ནས་ ༡༩ བར་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བྷོལ་ཛ་ནོའི་ཡུ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ (European Academy of Bolzano, Italy (EURAC) ཐུན་མོང་གིས་གོ་སྒྲིག་ཐོག་ཉམས་ཞིབ་པ་དང་ལས༌བྱེད། སློབ་ཕྲུག་བཅས་ལ་འགྲོ་བ་མིའི་ཐོབ་ཐང་དང། གྲངས་ཉུང་མི་རིགས། སྤྱི་མཐུན་སྲིད་གཞུང་ལམ་ལུགས་ (federalism) ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ཐོག་མར་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་གུན་ཐར་ཀོ་ལོག་ན་ (Dr. Gunther Cologna) ལགས་ཀྱིས་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་མཉམ་རུབ་ཀྱིས་ལས་གཞི་མང་པོའི་ཐོག་བསྟི་གནས་ཁང་གི་ཉམས་མྱོང་དང་མཁས་པའི་བསམ་ཚུལ་བརྗེ་ལེན་གནང་ཡོད་སྐོར་སོགས་ཀྱི་དབུ་འབྱེད་གསུང་བཤད་གནང་ཡོད།
ཟབ་སྦྱོང་དེའི་ཐོག་རྒྱལ་སྤྱིའི་ནང་ཤེས་ཡོན་ཚད་ལྡན་ཡོད་པའི་མཁས་དབང་དབྱིན་ཡུལ་ (Middlesex University) གཙུག་ལག་སློབ་ཁང་གི་ཁྲིམས་ལུགས་གཙུག་ལག་སློབ་དཔོན་ཇོ་ཤུ་ཨ་ཀ་སེ་ལི་ནོ་ (Joshua Castellino) ལགས་དང། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཌོག་ཊར་ཕར་ནན་ཌི་ཝ་རེ་ནེས་ (Dr Fernand de Varennes) ལགས། བྷོལ་ཛ་ནོའི་ཡུ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་གི་གྲངས་ཉུང་མི་རིགས་ཐོབ་ཐང་ལྷན་ཁང་གི་ཉམས་ཞིབ་པ་སར་གྷི་ཨུ་ཀོན་སེ་ཊེན་ཊིན (Sergiu Constantin) ལགས། ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་རིག་པའི་གཙུག་ལག་སློབ་དཔོན་ཨ་ཤ་སཱ་རང་གི་(Asha Sarangi) ལགས་བཅས་ཡིན་འདུག
དེ་བཞིན་རེས་གཟའ་ལྷག་པ་ཉིན་མང་ཚོགས་མཛད་སྒོར་གཙུག་ལག་སློབ་དཔོན་གུན་ཐར་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཐོག་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་སློབ་དཔོན་མེ་ཀལ་ཌེ་ཝི་སི་ (Prof. Michael Davis) ལགས་རྣམ་གཉིས་ཀྱིས་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་གནས་སྟངས“(Beyond the Deadlock: What Future for Tibet?)”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
ཐེངས་འདིར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཆེད་ལས་པ་དང་མཁས་དབང། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཉམས་ཞིབ་པ། རྡ་ས་རིགས་ལམ་སློབ་གྲྭའི་དགེ་འདུན་སློབ་གཉེར་བ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི། ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་བཅས་ཁྱོན་མི་གྲངས་ ༢༤ མཉམ་ཞུགས་གནང་འདུག་པ་བཅས།།