༢༠༡༣ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཟློས་དགེ་འོས་སྦྱོང་སྐབས་བརྒྱད་པའི་དབུ་འབྱེད་མཛད་སྒོ་བོད་ཀྱི་ཟློས་གར་ཚོགས་པར་བསྐྱངས་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་གཙོས་པའི་ཟློས་གར་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་དང༌། ཟློས་གར་འཁྲབ་ཚན་འགན་འཛིན་བློ་བཟང་བསམ་གཏན་ལགས། གཞན་ཡང་ཟློས་གར་འཁྲབ་སྟོན་དགེ་རྒན་རྣམ་པ་བཞི་དང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་བཅས་ཕེབས་ཡོད།
ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟློས་དགེ་འོས་སྦྱོང་གི་ལས་གཞིའི་སྐོར་ངོ་སྤྲོད་གནང་དོན། ཐེངས་འདིའི་ཟློས་དགེ་འོས་སྦྱོང་ནང་རྒྱ་གར་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཐོན་པའི་སློབ་ཕྲུག་བཅུ་དྲུག་དང༌། བལ་ཡུལ་ནས་སློབ་ཕྲུག་བུ་གཉིས་བཅས་ཁྱོན་བསྡོམས་ཟློས་དགེ་འོས་སྦྱོང་བ་བུ་ ༡༡ དང་བུ་མོ་ ༧ ཚུད་ཡོད། ཟློས་དགེ་འོས་སྦྱོང་བ་རྣམས་ལ་སློབ་ཁྲིད་བྱ་རྒྱུའི་ལོ་གཅིག་གི་ཟློས་གར་སྒྱུ་རྩལ་གྱི་བསླབ་གཞི་ངོ་སྤྲོད་དང༌། གཞན་ཡང་ལོ་གཅིག་གི་ལས་འཆར་ཁྲོད་རྒྱུན་མཐུད་ཞིབ་འཇུག་ཨང་ཀི་སྤྲོད་ཕྱོགས་དང༌། བྱིས་པའི་སེམས་ཁམས་རིག་པ། དམིགས་བསལ་ཤེས་ཡོན་སོགས་ཀྱི་སྐོར་དུས་ཐུང་སློབ་ཁྲིད་གོ་སྒྲིག་གནང་རྒྱུ་མ་ཟད།
འོས་སྦྱོང་རྫོགས་མཚམས་སུ་ཉིན་གྲངས་བདུན་ནས་བཅུ་བར་གྱི་དངོས་སུ་སློབ་ཁྲིད་ལག་བསྟར་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུ་སོགས་ཀྱི་ངོ་སྤྲོད་གནང༌། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འཚམས་འདྲི་དང་སྦྲགས། འོས་སྦྱོང་གི་དུས་ཡུན་ལོ་གཅིག་རིང་སློབ་མ་རྣམས་ནས་བློ་རྩེ་བསྒྲིམས་ཏེ་སློབ་སྦྱོང་མ་བྱས་པར་ཉི་མ་གང་འཁྱོལ་བྱས་ནས་བསྡད་ཚེ་ལོ་གཅིག་གི་དུས་ཡུན་རྫོགས་པར་ཞེ་དྲགས་འགོར་གྱི་མ་རེད་ཅེས་དང༌། ཟློས་གར་དང་རོལ་ཆ་འཁྲབ་དཀྲོལ་ཐུབ་ཙམ་མ་ཡིན་པར་ཟློས་གར་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩིས་ཏེ་ཟློས་གར་གྱི་སྒྱུ་རྩལ་རྒྱ་ཆེ་ས་ནས་ཤེས་ཐབས་གནང་དགོས་པའི་སྐོར་དང༌། འོས་སྦྱོང་བ་རྣམས་ནས་ཟློས་གར་ཚོགས་པར་བླང་དོར་སྒྲིག་གཞི་གང་ཡོད་བརྩི་སྲུང་དང་འབྲེལ། དུས་ཚོད་ཆུད་ཟོས་སུ་མ་བཏང་བར་འོས་སྦྱོང་བ་ནང་ཁུལ་འཆམ་མཐུན་ཐོག་ཟློས་གར་གྱི་རིག་རྩལ་ལ་ཐུགས་སྣང་དང་སྦྱང་བརྩོན་གནང་དགོས་པའི་སྐོར་སོགས་གསུང་བཤད་གནང༌།
ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་ནས་འོས་སྦྱོང་བ་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་གནང་སྟངས་ལ་གཞིགས་ན་རྣམ་པ་ཚོས་ཡག་པོ་བྱེད་ཀྱི་རེད་སྙམ་པའི་སེམས་ཚོར་བྱུང་བ་དང༌། བོད་ཀྱི་ཟློས་གར་ཚོགས་པ་ནས་ད་བར་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་མང་དག་བསྒྲུབས་ཡོད་པའི་ནང་ནས་གལ་ཆེ་ཤོས་གཅིག་སློབ་གྲྭ་ཁག་གི་ཟློས་དགེ་གསར་ཞུགས་པ་རྣམས་ལ་འོས་སྦྱོང་སྤྲད་པའི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་སྤྱི་ཚོགས་ནང་དར་སྤེལ་རླབས་ཆེ་ཞིག་ཡོང་བཞིན་པའི་སྐོར་དང༌། སློབ་སྦྱོང་བརྒྱུད་རིམ་གང་འདྲ་ཞིག་ཡིན་ཡང་སོ་སོའི་དོ་སྣང་དང་དམིགས་ཡུལ་གཉིས་བརྟན་པོ་ཡོད་པ་ཡིན་ན་སློབ་སྦྱོང་གི་མཇུག་འབྲས་ཀྱང་གང་ལེགས་ཡོང་རྒྱུ་དང༌། མ་འོངས་པར་ཟློས་དགེའི་ལས་ཀར་ཞུགས་སྐབས་བཤད་ཕོད་པ། འབྲི་ཐུབ་པ། གང་ཡང་བྱེད་ཐུབ་པ་ཞིག་བྱུང་ན་དགེ་རྒན་གཞན་དག་ཚོས་ཀྱང་ཆེ་མཐོང་ལེགས་པ་འབུལ་ངེས་ཡིན་པ་དང༌།
ཁྱེད་རང་ཚོས་མ་འོངས་པར་སློབ་སྦྱོང་མུ་མཐུད་གནང་ནས་རིག་གཅིག་རྐང་འཛིན་སོགས་ཁྱད་ལས་པ་གནང་ཐུབ་ཐབས་དང༌། ཟློས་གར་ཚོགས་པར་སྤྱི་ཡོངས་ཀྱི་བླང་དོར་སྒྲིག་གཞི་ཇི་ཡོད་སྲུང་བརྩི་དང་ལེན་གནང་དགོས་སྐོར་གསུངས། མཐའ་དོན་ད་ཡོད་ཟློས་གར་འཁྲབ་སྟོན་འགན་འཛིན་དང་དགེ་རྒན་རྣམ་པ་ཚོ་རིག་གཞུང་ལ་ཞབས་འདེགས་བསྒྲུབ་རྒྱུར་དགོངས་པ་བཞེས་ནས་ད་ལྟའི་བར་མུ་མཐུད་ཕྱག་ལས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་བཅས་གསུངས། དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དང༌། འཁྲབ་ཚན་འགན་འཛིན། འཁྲབ་སྟོན་དགེ་རྒན་རྣམས་དང༌། འོས་སྦྱོང་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོའི་ལས་རིམ་མཇུག་བསྒྲིལ་ཡོད་པ་བཅས།།