༢༠༡༣ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་པའི་རྔ་པ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་རྒྱ་མཚོ་ལགས་ཉེ་ལམ་གློད་བཀྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༥ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་དང་མི་མང་གི་ཞི་བའི་ངོ་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་རྒྱ་མཚོ་ལགས་སུ་ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ལས་འགུལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་འཛུགས་འོག་ལོ་ ༥ ཁྲིམས་ཐག་བཅས་བཅད་དེ་ཉེ་ལམ་བར་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ཁོང་བཙོན་བཀྲོལ་ཐོབ་སྟེ་མཛོད་དགེ་གཟའ་རུ་སྟོད་སྨད་གཉིས་ཀྱི་གྲྭ་རྒྱུན་དང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལས་སྣེ། ནང་མི་ཉེ་འབྲེལ་དང་ས་གནས་མི་མང་གིས་ཕེབས་བསུ་འོག་རང་ཁྱིམ་དུ་འབྱོར་ཡོད་འདུག
རང་ལོ་ ༣༢ ལ་སོན་པའི་དགེ་འདུན་པ་བསྟན་པ་རྒྱ་མཚོ་ལགས་ནི། རྔ་པ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཤང་གཟའ་རུ་སྟོད་མའི་རྔ་པ་ཚང་གི་ཁྱིམ་དུ་སྐྱེས་ཤིང་། ཆུང་དུས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་པའི་སྨན་པ་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་འདུག ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༥ ཉིན་སྟག་ཚང་ལྷ་མོ་དགོན་གྲོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས། རྒྱ་ནག་གཞུང་གིས་སྔ་ཕྱིར་དགོན་པའི་དགེ་འདུན་པ་ ༡༩ འཛིན་བཟུང་བྱས་ཏེ། གཟའ་རུ་སྟོད་མའི་དཀོན་མཆོག་གྲགས་པ་དང་རྐ་ཆུ་ཁའི་དཀོན་མཆོག་ཚུལ་ཁྲིམས་གཉིས་ལ་ལོ་གསུམ་རེ་བཙོན་འཇུག་ཁྲིམས་ཐག་བཅད་དེ་སྔར་ལོ་གློད་བཀྲོལ་བཏང་ཡོད་འདུག་པ་བཅས། །