༢༠༡༣ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༤ རེས་གཟའ་ཉི་མའི་ཉིན་བྷེལ་ཇམ་རྒྱལ་ས་བྷར་སེལ་ (BRUSSELS)དུ་ཕེབས་འབྱོར་བྱུང་ཡོད།
དེ་ཡང་བཀའ་བློན་མཆོག་ཡུ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་པའི་ (European Economic and Social Committee) ཚོགས་གཙོ་གསར་པ་སྐུ་ཞབས་ཧེན་རི་མ་ལོ་སེ་(Henri Malosse) མཆོག་བསྐོ་གཞག་གིས་ཁྲི་སྟོན་མཛད་སྒོར་མགྲོན་འབོད་ཞུས་པ་ལྟར། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་མཛད་སྒོའི་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་གྲུབ་འབྲས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་གཞུང་ཚབ་པ་དང་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། དེ་བཞིན་ཡུ་རོབ་ས་ཁུལ་འདྲ་མིན་གྱི་སྐུ་ཚབ་འཐུས་མི། དེ་བཞིན་གསར་འགོད་པ་སོགས་ཁྱོན་མི་གྲངས་ ༦༠༠ བརྒལ་བས་ལྷན་ཞུགས་གནང་ཡོད། ཁྲི་སྟོན་མཛད་སྒོའི་ཐོག་མར་ཚོགས་གཙོ་གསར་པ་སྐུ་ཞབས་ཧེན་རི་མ་ལོ་སེ་མཆོག་གིས་དབུ་འབྱེད་མཛད་སྒོའི་གཏམ་བཤད་གནང་བའི་ནང། ཁོང་གི་མི་ཚེའི་ནང་སྙིང་སྟོབས་སྤེལ་མཁན་གལ་ཆེའི་མི་སྣ་བཞི་ཡོད་པ་རྣམས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་གྲས་སྐུ་ཞབས་ཇེན་མོན་ནེ་ཊི་ (Mr. Jean Monnet) མཆོག་དང། ཡུ་རོབ་སྤྱི་མཐུན་ཚོགས་པའི་བུད་མེད་ཀྱི་ཚོགས་གཙོ་ཐོག་མ་ཡིན་པ་ལྕམ་སྐུ་སི་མོན་ཝེལ་ (Ms. Simon Veil)མཆོག དེ་བཞིན་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང། དེ་སྔའི་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལེ་ཆི་ཝ་ལེ་ས་ Mr. Lech Walesa མཆོག་བཅས་ཡིན་སྐོར་གསུངས་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོགས་སྒྲིག་གི་གོ་སྐབས་ཐོབ་པའི་སྐོར་གསུང་དོན། ང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཐེངས་གཉིས་ཙམ་མཇལ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་ནི་གཙོ་བོ་སྐུ་ཞབས་མཱ་རིའོ་སེ་པི་ (Mario Sepi) མཆོག་གི་བཀའ་དྲིན་ཡིན།
སྐབས་དེར་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདིར་ཧ་ཅང་བསྔགས་བརྗོད་མཛད་པ་མ་ཟད། ཁོང་རང་ཉིད་ལ་སྒྲིག་འཛུགས་དེ་འདྲ་ཞིག་ཨེ་ཤི་ཡའི་ནང་འཛུགས་ཐུབ་ན་མཉམ་པའི་ཐུགས་རེ་མཛད་ཡོད་སྐོར་བཀའ་གནང་བྱུང། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་བཀའ་སློབ་དེས་ང་ཚོར་དྲན་སྐུལ་ཞིག་གཏོང་བཞིན་ཡོད་པ་ནི། ད་ལྟའི་དུས་སྐབས་འདིའི་ནང་དུའང། རང་དབང་མེད་པའི་མི་མང་མང་དག་ཅིག་ཡོད་པ་དེ་ཡིན། སྒྲིག་འཛུགས་འདིས་ང་ཚོར་འགན་ཞིག་སྤྲོད་བཞིན་ཡོད་པ་ནི། མང་གཙོ་དང་རང་དབང་སོགས་ཀྱི་རིན་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པར་བརྟེན། ང་ཚོས་འཛམ་གླིང་ཁྱོན་ཡོངས་སུ་འཛེམ་ཟོན་དང་ཆབ་སྲིད་ཀྱི་དགོས་མཁོར་ངོ་གནོངས་མི་དགོས་པར་སྐད་གསང་ཐོན་པའི་ཐོག་ནས་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་སྐབས་དེར་ཡུ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་པ། ལྷག་པར་ཚན་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཧེན་རི་མ་ལོ་སེ་ (Henri Malosse) མཆོག་གིས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞི་བཅོལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེའི་དགོས་དམིགས་རྣམས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད། བོད་མིའི་དཀའ་ངལ་སེལ་ཆེད་ཡུ་རོབ་སྤྱི་མཐུན་ཚོགས་པ་དང། མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་དེ་བཞིན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུང་བཤད་གནང་ཡོད།
ཕྱི་དྲིལ་བཀའ་བློན་མཆོག་ཕྱི་ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཛུ་རིཀ་ནང་ཕེབས་འབྱོར་བྱུང་ཡོད་པ་བཅས།།