༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་མེ་གྷ་རེ་ཊི་ཐེ་ཅར་མཆོག་ཉེ་ལམ་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུའི་ཉིན་ལྕམ་སྐུ་མེ་གྷ་རེ་ཊི་ཐེ་ཅར་མཆོག་གི་བུ་སྐུ་ཞབས་མག་ཐེ་ཅར་མཆོག་ལ་གདུང་སེམས་མཉམ་སྐྱེའི་གནས་འཕྲིན་ཞིག་བཏང་བའི་ནང་འཁོད་དོན། དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་མེ་གྷ་རེ་ཊི་ཐེ་ཅར་མཆོག་འདས་གྲོངས་སུ་གྱུར་བ་ནི་འཛམ་གླིང་གི་དབུ་ཁྲིད་ཁྱད་པར་བ་ཞིག་མེད་པ་གྱུར་བ་མ་ཟད། ཁོང་ནི་ཆོད་སེམས་བརྟན་པོ་ཡོད་ན་བུད་མེད་ཀྱིས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་གང་ཡང་མེད་པའི་དཔེ་མཚོན་གསལ་པོ་འཇོག་མཁན་ཞིག་ཀྱང་ཆགས་ཡོད་པར་བརྟེན། འགྲོ་བ་མི་རིགས་ལ་སྙིང་སྟོབས་ཧ་ཅང་སྤེལ་ཡོད། ཅེས་འཁོད་ཡོད་པ་མ་ཟད།
ལྕམ་སྐུ་མཆོག་གིས་སྐུ་ཚེའི་སྨད་ལ་བོད་དོན་ཐོག་བཞེངས་ཕྱོགས་ཇི་འདྲ་ཡིན་པ་ལྕམ་སྐུ་དམ་པ་མཆོག་གིས་མི་ཚེའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་པ་ལུང་འདྲེན་གནང་། རྒྱ་ནག་གཞུང་གིས་བོད་དེ་བཞིན་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བཤད་པ་དེ་བྱུང་རབས་ལོ་རྒྱུས་ཐོག་ནས་བཤད་ན་བདེན་པ་ཡིན་མིན་ཐེ་ཚོམ་རེད། དུས་རབས་བཅུ་བདུན་མཇུག་དང་བཅོ་བརྒྱད་སྐབས་བོད་དེ་བཞིན་རྒྱ་ནག་གི་སྲུང་སྐྱོབ་མངའ་ཁུལ་ཞིག་ཆགས་ཡོད་ཀྱང། དུས་རབས་བཅུ་དགུའི་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དབང་ཤུགས་ཉམས་རྒུད་དུ་གྱུར་ཏེ། མཐར་བོད་ནང་མཚོན་དོན་ཙམ་ལས་དོན་དངོས་རྒྱ་ནག་གཞུང་གི་དབང་ཤུགས་གང་ཡང་མེད་པར་གྱུར་ཡོད། ཕྱི་ལོ་ ༡༩༡༢ ལོར་རྒྱ་ནག་ནང་མན་ཇུ་གོང་མའི་དབང་ཤུགས་མཇུག་བསྒྲིལ་བ་ནས་ཕྱི་ལོ་ ༡༩༥༠།༡༩༥༡ བར་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་མ་བྱས་བར་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད། ཅེས་འཁོད་ཡོད་པ་བཅས།།