༢༠༡༣ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧།༡༨ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་རྒྱ་གར་མ་ཧཱ་རཱཤ་ཏྲ་མངའ་སྡེའི་རྒྱལ་ས་མུམ་བྷེའི་ནང་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་ལྷན་ཚོགས་ཤིག་ནང་མཉམ་བཞུགས་གནང་ཡོད། ལྷན་ཚོགས་གོ་སྒྲིག་གནང་མཁན་སང་ཀལྤ་ (Sankalp Unconvention Summit ) ཞེས་པ་དེ་ཡིན་འདུག སྒྲིག་འཛུགས་དེའི་འོག་སྤྱི་ཚོགས་ཚོང་ལས་སྒྲིག་འཛུགས། བྱུས་སྟོན་པ། ཤེས་ཡོན་སྡེ་ཚན་སོགས་ནས་ཁྱོན་མི་གྲངས་ ༤༠༠ ཙམ་དང། དེ་བཞིན་དཔལ་འབྱོར་འཛུགས་སྐྲུན་ཆེད་མ་རྩ་འཇོག་མཁན་མི་སྣ་ ༤༠༠ ཙམ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་འདུག བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ཀྱང་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་ལས་གཞི་སོགས་བཀོད་སྒྲིག་ཐོག་ཉམས་མྱོང་གསོག་ཆེད་ཐེངས་འདིར་ལྷན་ཚོགས་ནང་མཉམ་ཞུགས་གནང་ཡོད་པ་བཅས།།