༢༠༡༣ ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཏང་བའི་སེར་ཤུལ་རྫོང་གི་དགེ་འདུན་པ་གཉིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གློད་བཀྲོལ་བཏང་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་གནང་མཁན་དགེ་འདུན་པ་ ༡༤ འཛིན་བཟུང་གིས་ལོ་ཚད་འདྲ་མིན་གྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་ལྟར།
འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་སྐབས་དེའི་ལས་འགུལ་ཁྲོད་ཞུགས་པའི་ཉེས་མིང་འོག ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ལོ་ ༥ རིང་བཙོན་འཇུག་བྱས་པའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་བློ་བཟང་དངོས་གྲུབ་ལགས་དང་། མིང་དགེ་དགོན་པའི་དགེ་འདུན་པ་བཟོད་པ་གཉིས་གློད་བཀྲོལ་བཏང་ཡོད་ཀྱང་། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟབས། དགེ་འདུན་པ་བློ་བཟང་དངོས་གྲུབ་ལགས་ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ སྨན་བཅོས་བྱེད་ཀྱི་ཡོད་པ་དང་། མིང་དགེ་དགོན་པའི་དགེ་འདུན་པ་བཟོད་པ་ལགས་སེམས་ཁམས་མི་བདེ་བ་ཆགས་ཡོད་འདུག དགེ་འདུན་པ་བཟོད་པ་ལགས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་རྗེས་སུ་རྒྱ་གཞུང་གིས་ལྷ་ས་ནས་ཁྲིན་ཏུར་བསྐྱལ་ཏེ་ཉིན་ ༧ དང་། སེར་ཤུལ་རྫོང་དུ་ཉིན་ཞག་ ༤ བཅས་སྔ་ཕྱིར་ཐེངས་གཉིས་བཀག་ཉར་རྗེས་མི་ ༥ ལྷག་གི་ཁག་ཐེག་བྱས་ནས་གློད་བཀྲོལ་ཐོབ་སྟེ་ད་ལྟའི་ཆར་མིང་དགེ་དགོན་པར་བཞུགས་ཡོད་ཀྱང་། བཙོན་ཁང་དུ་སྡོད་རིང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་གཟུགས་པོའི་ཐོག་དམིགས་བསལ་རྨ་ཁ་བཟོས་མེད་ནའང་། རང་ཁྱིམ་དུ་ལོག་རྗེས་ཁོང་སྔར་དང་མི་འདྲ་བར་སེམས་ཁམས་བདེ་ཐང་མེད་པ་ཆགས་ཡོད་འདུག
དགེ་འདུན་པ་བཟོད་པ་ལགས་ནི། སེར་ཤུལ་རྫོང་མིང་དགེ་སྡེ་བར་སྐྱེས་པ་དང་། ཆུང་དུས་མིང་དགེ་དགོན་དུ་སློབ་གཉེར་བྱས་ཡོད་འདུག་ལ། དམིགས་བསལ་རྩོམ་རིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་འདུག རྗེས་སུ་ལྷ་སའི་སེ་ར་དགོན་པར་ལོ་བདུན་ལྷག་གི་རིང་སློབ་གཉེར་གནང་སྟེ་དབུ་མ་འཛིན་གྲྭ་བར་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་རྗེས་བཙོན་འཇུག་ཁྲིམས་ཐག་བཅད་དེ་གློད་བཀྲོལ་ཐོབ་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ལ་ལས་དོན་འདྲ་མིན་ནང་མཉམ་ཞུགས་དང་བྱེད་མི་ཆོག་པ་དང་། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱ་དགོས་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་ཀྱི་དགོན་སྡེ་ཁག་ཏུ་དམག་མི་གཏན་སྡོད་ཀྱིས་ལྟ་རྟོག་བྱེད་ཀྱི་ཡོད་འདུག
གཞན། སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ལོ་ ༡༠ ཁྲིམས་ཐག་བཅད་པའི་དབོན་པོ་དགོན་པའི་དགེ་འདུན་པ་བློ་གྲོས་ལགས་དང་། དེ་བཞིན་ལོ་དེའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསོད་ནམས་གྲགས་ལགས། མི་སྐྱ་ཟླ་ཤར་ལགས་བཅས་ལ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། །