༢༠༡༣ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་དུ་གནས་བཞུགས་བོད་ཀྱི་དགེ་འདུན་པས་གོ་སྒྲིག་ཐོག་༼དུས་རབས་ཉེར་གཅིག་པའི་ནང་པ་༽ཞེས་པའི་འགོ་བརྗོད་ཀྱི་འོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ལྷོ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་བཅས་ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་མི་སྣ་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་ཐུགས་འགན་ཆ་ཚང་བཞེས་ཐོག རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང། ཐེ་ཝན་གནའ་རབས་ནང་བསྟན་བསམ་གཏན་སློབ་ཚོགས། ཞན་ཊང་སློབ་གྲྭ་ཆེན་མོའི་ཆོས་ལུགས་སྡེ་ཚན་བཅས་ཀྱི་གཙོ་སྒྲུབ་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༠ དང་ ༣༡ བར་ཉིན་ཐེ་ཝན་གྱི་རྒྱལ་སར་རྟེན་གཞི་བྱས་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་དུ་ཚོགས་ཡོད།
དེ་ཡང་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་མར་བརྒྱུད་པ་གསུམ་གྱི་དགེ་འདུན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་ཀྱི་ཤིས་བརྗོད་གསུང་འདོན་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་ཐེ་ཝན་ནང་སྲིད་བློན་ཆེན་ལི་ཧོང་ཡན་དང་། ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་པ་ཧའོ་ལུང་པིན། ཐེ་ཝན་དམངས་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་སོགས་ཚོགས་འདུར་ཆེད་ཕེབས་ཐོག ནང་སྲིད་བློན་ཆེན་གྱིས་སངས་རྒྱས་ཆོས་ལུགས་ཀྱིས་ཤར་ཕྱོགས་རིག་གནས་དང་ཁྱད་པར་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་ཁྲོད་དུ་ཟིན་པའི་གོ་གནས་དང་། ཕན་ནུས་སོགས་དང་འབྲེལ་བའི་ཚོགས་འདུར་གདེང་འཇོག་དང་། ཐེ་ཝན་སྲིད་གཞུང་གི་ངོས་ནས་རླབས་ཆེན་གྱི་ཚོགས་འདུ་འདི་ལྟ་བུ་ཞིག་ཚོགས་ཐུབ་པར་སྙིང་ནས་རྟེན་འབྲེལ་དང་བསྔགས་བརྗོད་གྱི་ཚད་མཐོའི་གདེང་འཇོག་གི་གཏམ་བཤད་གནང་ཡོད།
དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ཀྱང་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་གི་གཏམ་བཤད་གྲུབ་རྗེས། ཤྲཱི་ལང་ཀའི་སྲིད་འཛིན་གྱི་རྒྱལ་སྤྱིའི་ཆོས་ལུགས་རིག་གནས་ལས་རིགས་ཀྱི་སློབ་སྟོན་པ་གནས་བརྟན་ཆང་ཏི་མཱ་དང་། ཐེ་ཝན་གྱི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཐའེ་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནས་བརྟན་མིན་ཀྭང་ཧྥ་ཧྲི། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སློབ་གསོ་ལས་རིགས་ཀྱི་འགན་འཛིན་དང་། དཔལ་སྤུང་ཤེས་རབ་གླིང་བཤད་གྲྭའི་སློབ་སྤྱི་མཁན་པོ་ཚུལ་རྣམ་རིན་པོ་ཆེ་བཅས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གྲུབ་བསྟུན་ཤྲཱི་ལང་ཀའི་ནང་བསྟན་དང་པཱ་ལི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་དང་མཚན་ཉིད་རིག་པའི་ཞིབ་བསྡུར་ཉམས་ཞིབ་ཁང་གི་འགན་འཛིན་མཁས་དབང་གནས་བརྟན་ས་མ་ན་སི་རི་ (Rev.Dr.G.SumanasiriThero) ལགས་དང་། ཐེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། འཛམ་གླིང་ནང་པའི་དགེ་འདུན་མཐུན་ཚོགས་ཀྱི་བྱེ་བྲག་ནང་ཆོས་དར་སྤེལ་ལྷན་ཚོགས་ཀྱི་གཙོ་འཛིན་རྒྱུན་ལས་མིན་ཀྭང་ཧྥ་ཧྲི། འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་བཅས་ནས་ནང་བསྟན་བརྒྱུད་པ་གསུམ་གྱི་མཐུན་ཆ་དང་མཉམ་འབྲེལ་ཞེས་པའི་ཐོག་ལ་གཏམ་བཤད་གནང་།
ཚོགས་ཐུན་གཉིས་པར། སེང་གྷ་པུའི་ས་མ་ཏི་ཆོས་ཚོགས་ཀྱི་སློབ་སྟོན་པ་དང་། བྱམས་ཆེན་ཆོས་ཚོགས་ཀྱི་སློབ་དཔོན། ཤྲཱི་ལང་ཀའི་གནས་བརྟན་རམ་བུ་ཁི་ཝ་ལ་ག་ན་ན་སེ་ཧ་ལགས་(Dr.Rambukewala Gnanaseeha Thero) ཐེ་ཝན་ཧྭ་ཧྥན་སློབ་ཆེན་གྱི་ནང་རིག་འབུམ་རམས་པ། ཏཱ་ཅི་ཅིན་སློབ་ཚོགས་ཀྱི་གཙོ་འཛིན་སློབ་དཔོན་ཏཱ་ཅིའི་ཧྥ་ཧྲི་ལགས། རྒྱལ་བ་ཀརྨ་པའི་གསུང་བསྒྱུར་མཁན་པོ་བསྟན་རྒྱས་ལགས་བཅས་ནས་ནང་བསྟན་བརྒྱུད་པ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་ཞེས་པའི་ཐོག་ལ་གཏམ་བཤད་གནང། དེ་ནས་ཕྱི་དྲོ་སླར་ཡང་མུ་མཐུད་ཐེ་ཝན་ཀྲུང་དབྱང་སློབ་གྲྭ་ཆེན་མོར་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་ཤྲཱི་ལང་ཀའི་བཙུན་པ་ཕིན་ན་ལོ་ཀ་(Rev.W.Pannaloka Thero)ལགས་དང་། ཆོས་རྔ་རི་བོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ཏོང་ཅིན་སློབ་གྲྭ་ཆེན་མོའི་རྩོམ་རིག་འབུམ་རམས་པ། ཐེ་ཝན་སྒྱུ་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སློབ་དཔོན་ཧྭི་མིན་ཧྥ་ཧྲི། སེར་བྱེས་དགེ་བཤེས་ལྷ་རམས་པ་ཆོས་ཀྱི་དབང་པོ་བཅས་ནས་སངས་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་ཞེས་པའི་བརྗོད་གཞིའི་ཐོག་ལ་གཏམ་བཤད་གནང་།
ཉིན་གཉིས་པའི་སྔ་དྲོ་བརྒྱུད་པ་གསུམ་གྱི་བསྟན་པའི་གནས་བརྟན་ཆེན་པོ་གསུམ་གདན་དྲངས་རྗེས། ཐོག་མར་ཤྲཱི་ལང་ཀའི་གནས་བརྟན་ཆང་ཏི་མ་ལགས་ཀྱིས་ཆོས་ཀྱི་ཚིགས་སུ་བཅད་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་མིན་ཀྭང་ཧྤ་ཧྲི་ལགས་ཀྱིས་ཤེས་རབ་སྙིང་པོ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་གིས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་པ་ལཱི་དང་རྒྱ་ནག་བོད་བཅས་ཀྱི་སྐད་ཐོག་ནས་གསུངས་མཐར་དངོས་སུ་ཚོགས་འདུ་མུ་མཐུད་མཇུག་སྐྱོང་གནང་། དེ་ནས་ཐེ་ཝན་དགེ་བསྙེན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཧོང་ཀོང་དངོས་ལུགས་སློབ་ཆེན། སེང་གྷ་པུའི་ནང་བསྟན་སློབ་གླིང་སོགས་ཀྱི་མཚན་འཛིན་དགེ་རྒན་ཆེན་མོ། སྐད་གྲགས་ཅན་གྱི་བོད་ཀྱི་སྐྱེ་འཆི་ཞེས་པའི་དེབ་ཀྱི་ལོ་ཙཱ་བ་སྐབས་འདིའི་ཚོགས་འདུའི་གཙོ་སྐྱོང་བ་མཁས་དབང་ལོ་ཙཱ་བ་ཆེན་པོ་ཀྲིང་ཀྲིན་ཧོང་ལགས་ཀྱིས་ཆོས་ཀྱི་རྒྱ་མཚོ་ལས་ཐིགས་པ་གཅིག་ཙམ་བླངས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་རྗེས་སྔ་དྲོའི་གཏམ་བཤད་གནང་མཁན་རྒྱལ་སྤྱིའི་རིམ་པའི་ཁྱད་པར་གྱི་མི་སྣ་གསུམ་སྟེ། ཤྲཱི་ལང་ཀའི་ཁི་ལ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། པ་ལཱའི་ཡི་གེ་དང་ནང་བསྟན་ཞིབ་འཇུག་ཁང་གི་འགན་འཛིན། སློབ་དཔོན་ཆེན་མོ་ས་མ་ན་པ་ལཱ་(Dr.G.P.Sunanapala)ལགས་ཀྱིས་ནང་བསྟན་གྱི་སློབ་གསོའི་ལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཚེ་སྲོག་བརྙན་འཕྲིན་ཁང་གི་འགན་འཛིན་སྐད་གྲགས་ཅན་གྱི་ཆོས་ཀྱི་སློབ་དཔོན་ཧྭའེ་ཐའོ་ཧྥ་ཧྲི་ནས་དད་ལྡན་མང་ཚོགས་ཀྱི་སློབ་གསོ་དང་འབྲེལ་བའི་གསུང་བཤད་གནང་མཚམས། སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མདོ་སྔགས་ཡོངས་རྫོགས་དམ་ཆོས་འདུལ་བའི་རྩ་བ་ཅན་ཞེས་པའི་བརྗོད་གཞིའི་ཐོག་ཆེད་རྩོམ་དང་འབྲེལ་བའི་གཏམ་བཤད་གྲུབ་མཐར་ཚོགས་ཞུགས་པའི་དྲི་བར་ལན་འདེབས་གནང་།
ཕྱི་དྲོ་སླར་ཡང་མུ་མཐུད་འབར་མའི་སྒོམ་སྒྲུབ་ཀྱི་སློབ་དཔོན་ཝེན་ཝོ་ཇོ་ཏ་ (Ven.Ujjota) ལགས་ཀྱིས་ནང་བསྟན་གྱི་སྒོམ་སྒྲུབ་ཞེས་པའི་ཐོག་ལ་གཏམ་བཤད་གནང་། དེ་བཞིན་གདན་ཞུའི་མཁས་དབང་། བསམ་གཏན་མཁན་པོ་ཧྭི་མིན་ཉིད་དངོས་སུ་ཕེབས་མ་ཐུབ་པར་ཚོགས་འདུའི་གཙོ་སྐྱོང་བས་ཁོང་གི་ཚབ་བྱས་ནས་ཡིག་འབྲུ་ཆིག་ཁྲི་བརྒྱད་སྟོང་བརྒལ་བའི་ཆེད་རྩོམ་གྱི་སྙིང་བསྡུས་ངོ་སྤྲོད་གནང་རྗེས་སེར་སྨད་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་སྒོམ་རིམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང། ཕྱི་དྲོའི་ཚོགས་ཐུན་མཐའ་མར་ནང་བསྟན་སྒྱུ་རྩལ་དང་མཚོན་རྟགས་ཞེས་པའི་བརྗོད་གཞིའི་ཐོག་མཁས་དབང་གསུམ་གྱིས་གཏམ་བཤད་གནང་བའི་ཐོག་མར། ལྷོ་བརྒྱུད་སྐུ་ཚབ་ཐེ་ཝན་ཧྭ་ཧྥན་སློབ་ཆེན་གྱི་ཤར་ཕྱོགས་ཀྱི་ལེགས་བྱང་དང་བསམ་བློའི་ཞིབ་འཇུག་ཁང་གི་འབུམ་རམས་སློབ་གཉེར་བ་བཙུན་པ་ཧིན་གུལ་ཝི་ལ་ཕུམ་མ་ཇ་ (Rev.Hingulwela Punnaji Thero) ལགས་དང་། ཐེ་ཝན་ཐའེ་ཀྲུང་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་འབུམ་རམས་པ་ཝི་ཡན་ཟུན་ལགས། ལྷ་རམས་དགེ་བཤེས་ཟེ་དཀར་རིན་པོ་ཆེ་བཅས་ནས་བརྒྱུད་པ་སོ་སོའི་རྣམ་པ་མི་འདྲ་བའི་སྒྱུ་རྩལ་གྱི་ལམ་ནས་ནང་བསྟན་གྱི་གོ་དོན་མཚོན་པའི་ཚུལ་གྱི་གཏམ་བཤད་དང་ཆེད་རྩོམ་སྒྲོགས་སྦྱང་གནང་། མཐར་ཚོགས་ཞུགས་པ་ཡོངས་ཀྱིས་སྟོན་པ་ཐུབ་པའི་དབང་པའི་སྣང་བརྙན་གྱི་མདུན་དུ་མེ་ཏོག་གི་ཆུན་པོ་ཕུལ་ཞིང་མར་མེ་བསྣམས་ནས་གྲལ་དུ་མཁོད། ལྷོ་བྱང་བརྒྱུད་པ་གསུམ་གྱི་སྐུ་ཚབ་མཚོན་པའི་སློབ་དཔོན་གསུམ་གྱིས་སོའི་སྐད་དུ་བསྔོ་སྨོན་གྱི་ཚིགས་བཅད་གསུངས་མཐར། སློབ་དཔོན་ཆེན་མོ་ཧྭའི་ཐའོ་ཧྤ་ཧྲི་མཆོག་ནས་ཚོགས་མདུ་མཇུག་བསྒྲིལ་བའི་གཏམ་བཤད་དང་། མཁན་པོ་ཚུལ་རྣམ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གྲུབ་མཚམས། ཐེ་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུས་མཁས་དབང་དང་སྐུ་མགྲོན་རྣམ་པར་དམིགས་བསལ་གསོལ་བཤམས་སྟེ་ཚོགས་འདུ་ལེགས་པར་གྲུབ།
ཉིན་གཉིས་ཀྱི་རིང་རྒྱ་ནག་སྐམ་ས་དང་། ཧོང་ཀོང་། སེང་གྷ་པུ་སོགས་ནས་ཆེད་ཕེབས་གནང་བའི་ཚོགས་ཞུགས་བ་ཚང་མས་དོ་སྣང་ཆེན་པོ་གནང་བ་མ་ཟད། ཐེ་ཝན་གཞུང་གི་གནད་ཡོད་དབུ་ཁྲིད་དང་། བརྒྱུད་པ་སོ་སོའི་བླ་ཆེན་དང་མཁས་དབང་ཁག་གིས་ཀྱང་གདེང་འཇོག་ཧ་ཅང་མཐོན་པོ་གནང་ཡོད། དཔེར་ན། ཤྲཱི་ལང་ཀའི་ཁི་ལ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ས་མ་ན་པ་ལཱ་ལགས་ཀྱིས། དེ་སྔོན་རྒྱལ་སྤྱིའི་ཚོགས་འདུ་ཧ་ཅང་མང་པོ་ཞིག་ཏུ་ཞུགས་པ་ཡིན། ཐེངས་འདིའི་ཚོགས་འདུར་ཕན་ཚུན་བར་ཐག་ཉེ་ཤོས་དང་། གཟབ་ནན་ཆེན་པོ་ཡོད་པ་ལྷག་ཏུ་དོན་སྙིང་ལྡན་པ་ཞིག་ཏུ་ཚོར་བབྱུང་ཞེས་གསུངས། ཧྭའི་ཐའོ་ཧྥ་ཧྲི་ནས་ཀྱང་འདི་ལྟ་བུའི་བརྒྱུད་པ་གསུམ་མཉམ་དུ་ཚགས་སུ་ཚུད་པའི་གོ་སྒྲིག་གི་ཐོག་ནས་མཉམ་འཛོམས་ཀྱི་བགྲོ་གླེང་ཚོགས་ཐུབ་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་པ་དང་། འབྱུང་འགྱུར་ང་ཚོ་ཐེ་ཝན་པས་ཀྱང་ཚད་མཐོ་བའི་ཆ་ཤས་བླངས་ནས་ཚང་མས་མཉམ་རུབ་ཀྱིས་གཞི་རྒྱ་ཆེ་བ་ཞིག་ཚོགས་ཐུབ་པ་དགོས་ཞེས་དང་། ཚེ་སྲོག་བརྙན་ཕྲིན་ཁང་གི་ངོས་ནས་ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་ཧྲིལ་པོ་བརྙན་འཕྲིན་བརྒྱུད་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་བྱ་ངེས་ཡིན་ཞེས་ཁས་ལེན་གནང་། ཁྱད་པར་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧའོ་ལུང་པིན་གྱིས། འདི་ལྟ་བུའི་ཚོགས་འདུ་ཆེན་པོ་ཞིག་རྒྱལ་ས་ཐའེ་པེར་ཚུགས་ཐུབ་པ་ནི་ཐའེ་པེ་གྲོང་ཁྱེར་གྱི་གཟི་བརྗིད་ཡིན་པ་མ་ཟད། རྒྱལ་ཁབ་གཞན་གྱི་མིས་ཐེ་ཝན་གྱི་ས་ཆར་འདི་ལྟ་བུའི་སྤྱི་ཚོགས་ལ་ཕན་པ་ཡོད་པའི་ལས་དོན་རླབས་ཆེན་བྱས་པ་ནི་དེ་བས་ཀྱང་ཧ་ཅང་གཟི་བརྗིད་ཡིན་ཞེས་དང། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕིན་གྱིས་ཀྱང་། ཚོགས་འདུར་དུས་རབས་ཉེར་གཅིག་པའི་ནང་ཆོས། ལྷོ་བརྒྱུད་བོད་གསུམ་གྱི་བགྲོ་གླེང་ཚོགས་ཆེན་བཀྲ་ཤིས་ལེགས་འགྲུབ་ཡོང་བར་སྨོན། ཞེས་པའི་བྱང་བུ་བཏགས་པའི་མེ་ཏོག་གི་ཆུན་པོ་ཕུལ་ཡོད།
དེ་བཞིན་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ཧ་ཅང་ལེགས་པོ་བྱུང་བར་མ་ཟད། འདིས་ལྷོ་བྱང་བརྒྱུད་པ་གསུམ་གྱི་མཉམ་འབྲེལ་དང་ནང་བསྟན་མཆེད་གྲོགས་བར་གྱི་མཛའ་བརྩེ། དད་ལྡན་མང་ཚོགས་ཀྱི་ཡང་དག་པའི་ཆོས་ཀྱི་གོ་རྟོགས་བཅས་ལ་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་པ་དང་། ཁྱད་པར་ཐེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་དང་མདུན་ལམ་ལ་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ངོས་འཛིན་གནང་ཡོད། དེ་བཞིན་ཚོགས་འདུའི་གཙོ་བོའི་དགོས་དམིགས་ནི།
༡༽སངས་རྒྱས་ཐུགས་རྗེ་ཅན་མངོན་པར་སངས་རྒྱས་ནས་ལོ་ ༢༦༠༢ དང་། སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༥༧ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་བ།
༢༽ ནང་བསྟན་ཆོས་བརྒྱུད་ཆེན་པོ་གསུམ་གྱི་འདྲ་མཉམ་བགྲོ་གླེང་བརྒྱུད་འཛམ་གླིང་ཞི་བདེའི་ཕྱོགས་སུ་གོམ་པ་སྤོ་བ།
༣༽ ཁྱད་པར་ད་ལྟའི་དུས་འདིར་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་འདི་དར་རྒྱས་ལེགས་པོ་ཡོད་པའི་དུས་རབས་ཤིག་ཏུ་ཡོད་ནའང་།
ཕྱོགས་གཞན་ཞིག་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་དང་། ཁྱད་པར་བསམ་བཞིན་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་ནང་པའི་ཆོས་བརྒྱུད་ཁག་གི་གྲས་ནས་འབུད་ཐབས་བྱེད་ཅིང་། ཐ་ན་ནང་པའང་མ་རེད་ཅེས་ཚབ་ཆེའི་སྐུར་འདེབས་དང་ཉེས་འཛུགས་མང་པོ་བྱེད་བཞིན་ཡོད་པ་མ་ཟད། ཡང་བོད་བརྒྱུད་ནང་བསྟན་གྱི་གདོང་འབག་གྱོན་པའི་ཁྲམ་པ་དག་གིས་ཡིན་མིན་གོ་ལྡོག་གིས་སྤྱི་ཚོགས་ནང་ནང་བསྟན་ལ་རྨ་འབྱིན་པའི་ལས་དཀའང་མང་པོ་ཞིག་བྱེད་བཞིན་པའི་དུས་འདིར། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་དག་གིས་ཀྱང་རྡོག་རྩ་ཆོག་སྒྲིལ་གྱིས་འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་དག་དང་མཐུན་ལམ་དང་མཉམ་འབྲེལ་བཅས་བྱས་ནས་ཐུན་མོང་གི་གླེང་སྟེགས་མང་པོ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་གི་མི་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཟབ་ཁྱད་ཤེས་སུ་བཅུག་སྟེ། བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་པ་བཅས།།