༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༡ ཉིན་གྱི་དགོང་དྲོ་ཐེ་ཝན་གྱི་སློབ་ཕྲུག་ཚོས་གོ་སྒྲིག་ཞུས་ཐོག་༼སྦས་བསྐུངས་བྱ་ཐབས་བྲལ་བའི་བོད་ཀྱི་སྒྲུང་༽ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་དང་རྒྱ་ནག་སྐམ་སའི་སློབ་ཆེན་སློབ་མ་སོགས་མི་གྲངས་ལྔ་བཅུ་ཙམ་མཉམ་འཛོམས་ཐོག་བོད་ཀྱི་གནད་དོན་སྐོར་ལ་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད། དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། དྲུང་ཆེ་བསོད་ནམས་རྡོ་རྗེ། བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་བཅས་ཚོགས་ཞུགས་ཀྱིས་ཚོགས་ཆུང་ཁག་ཆ་བགོས་བརྒྱུད་སློབ་ཕྲུག་ཚོའི་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་བར་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་དྲི་བ་མང་པོ་བཏང་སྟེ་དགོང་དྲོ་ཆུ་ཚོད་ ༦ ནས་ ༡༡ ཙམ་བར་འགོར་ཡོད། སྐབས་དེར་རྒྱ་ནག་གི་སློབ་ཕྲུག་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གོ་ཐེངས་དང་པོ་ཡིན་སྐོར་སོགས་བརྗོད་ཡོད་པ་མ་ཟད། མུ་མཐུད་བོད་མི་དང་འབྲེལ་བ་དམ་གཟབ་བྱ་རྒྱུའི་འདོད་པ་ཡོད་ཚུལ་སོགས་བརྗོད་འདུག
དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱབ་སྐྱོར་དང་སྦྲགས་ཧོང་ཀོང་ནང་ཕྱི་ཟླ་ ༣ ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༦ བར་ཁྱོན་ཉིན་གྲངས་ ༡༥ རིང་བོད་ཀྱི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་མ་ཟད། སྐབས་དེར་མངོན་གསལ་མིན་པའི་ཐོག་རྒྱ་ནག་གི་ཁྲིམས་རྩོད་པ་ཁག་གཅིག་དང་མཉམ་དུ་ཆོས་དད་རང་དབང་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཉིན་ ༢ རིང་ཚོགས་པར་བོད་མིའི་ངོས་ནས་མི་སྣ་ཆེད་གཏོང་གིས་ཚོགས་ཞུགས་གནང་བ་དང་སྟབས་བསྟུན་གངས་ལྗོངས་དཔེ་སྐྲུན་ཁང་གི་དཔེ་དེབ་ཁག་ཧོང་ཀོང་དུ་ཚོང་འགྲེམས་རྒྱུན་མཐུད་ཡོང་བ་བྱུང་ཡོད།
གཞན་ཡང་བོད་ཀྱི་རྩ་དོན་ཆེད་བོད་ཕྱི་ནང་གཉིས་ནས་རང་སྲོག་བློས་བཏང་གནང་མཁན་གྱི་རང་རིགས་རྒྱལ་གཅེས་པ་རྣམས་ཀྱི་བྱས་རྗེས་ལ་གུས་འདུད་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་གནང་བ་ལྟར།
ཕྱི་ཟླ་ ༤ ཚེས་ ༤ རྒྱ་ལུགས་ཀྱི་དུར་མཆོད་ཉིན་མོར་ཐེ་ཝན་དུ་གནས་ཞུགས་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་རྣམ་པ་དང་། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༤༠ སྐོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ནང་ཆོས་འཛིན་ཁང་དུ་མཉམ་འཛོམས་ཐོག་ཆུ་ཚོད་ ༢ རིང་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད།
སྨོན་ལམ་གྲུབ་རྗེས་དོན་གཅོད་ཀྱིས་མཇུག་བསྡོམས་གསུང་བཤད་དང་། ཕྱི་ཟླ་ ༤ ཚེས་ ༢༧ ནས་ཕྱི་ཟླ་ ༥ ཚེས་ ༥ བར་ཐེ་ཝན་རང་དབང་ཐང་ཆེན་དུ་བོད་ཀྱི་རང་ལུས་མེར་སྲེག་ཞི་རྒོལ་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་འཆར་ཡོད་པའི་ངོ་སྤྲོད་གནང་ཡོད་པ་བཅས། །