༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཉེ་ལམ་ལྷ་སའི་ཉེ་འགྲམ་རྒྱ་མ་རོང་ཁུལ་དུ་རྒྱ་ནག་གཞུང་གིས་གསེར་དང་ཟངས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་པའི་ས་ཁུལ་དུ་ས་རུད་ཀྱི་གོད་ཆག་ཤུགས་ཆེའི་འོག་མི་གྲངས་ ༨༣ རྐྱེན་འདས་སུ་གྱུར་ཡོད། སྐབས་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་གོད་ཆག་དེ་ནི་རང་བྱུང་ཁོར་ཡུག་གི་འབྱུང་བ་འཁྲུག་པའི་རྐྱེན་གྱིས་བྱུང་བ་ཡིན་སྐོར་འཁྱོག་བཤད་བྱས་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པས། དགག་པ་བརྒྱབ་པའི་སྙན་ཐོ་ཞིག་བཏོན་ཡོད། སྙན་ཐོའི་མིང་བྱང་དུ། ཉེ་ལམ་རྒྱ་མ་རོང་ཁུལ་དུ་ས་རུད་ཀྱི་གོད་ཆག་བྱུང་བའི་རྒྱུ་རྐྱེན་དང་ཤུགས་རྐྱེན་ཐོག་ཉམས་ཞིབ་སྙན་ཐོ། (Assessment Report of the Recent Devastating Landslide in Gyama Valley: It’s Possible Cause and Impacts) ཞེས་འཁོད་ཡོད།
སྙན་ཐོའི་ནང་རྒྱ་མའི་གཏེར་ཁ་སྔོག་ཡུལ་དུ་ས་རུད་ཀྱི་གོད་ཆག་བྱུང་བའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་དང་དེ་འབྲེལ་གྱི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་ཡོད། དེ་ཡང་ཤོག་གྲངས་ ༡༦ གི་སྙན་ཐོ་དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་དུས་ཚོད་ཐུང་ངུ་ཞིག་ནང་ཁེ་བཟང་གང་མང་ཐོབ་ཆེད་རྒྱ་མ་རོང་ཁུལ་དུ་གཏེར་ཁ་སྔོག་ཤུགས་ཆེ་དྲགས་པར་བརྟེན། གཏེར་ཁའི་ས་ཁུལ་འགའ་ཤས་ནང་ས་དོང་ཧ་ཅང་ཤུགས་ཆེ་བྲུས་པ་མ་ཟད། གཏེར་ཁ་འཚོལ་ཞིབ་དང་ཆུ་ཁ་བསྒྱུར་བ། དེ་བཞིན་ལམ་བཟོ་སོགས་ཀྱི་ཆེད་རི་ཡོངས་རྫོགས་སྔོག་འདོན་བྱས་ཡོད། དེར་བརྟེན་ཐེངས་འདིར་གོད་ཆག་དེ་སྔ་ཕྱི་མ་གཏོགས་ཡོང་ངེས་པའི་གནས་སྟངས་ཤིག་ཆགས་ཡོད། རང་བྱུང་གི་གོད་ཆག་ཅིག་རྩ་བ་ནས་མིན་སྐོར་ར་སྤྲོད་ཁ་གསལ་གནང་ཡོད་པ་བཅས། །