༢༠༡༣ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དོན་བརྒྱུད་དགའ་ཚལ་གླིང་ནས་གདན་འདྲེན་ཞུས་པ་ལྟར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ ཉིན་བཀྲིས་ལྗོངས་ཕྱོགས་སུ་ཁམས་སྒར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་པར་རབ་གནས་བཀྲ་ཤིས་དགའ་སྟོན་གྱི་རྟེན་འབྲེལ་མཛད་སྒོར་ཚོགས་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཙམ་ལ་མཛད་སྒོ་དབུ་འཛུགས་གནང་བ་དང་སྟབས་བསྟུན་དགོན་པའི་གཙོ་འཛིན་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཙུན་དགོན་གྱི་ངོ་སྤྲོད་དང་། དེ་ནས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་གྲུབ་རྗེས། ཆོས་རིག་བཀའ་བློན་མཆོག་གིས་དུས་རབས་ཉེར་གཅིག་གི་ནང་པའི་སློབ་གཉེར་བ་ཞིག་དང་། བྱེ་བྲག་བཙུན་མ་མཚན་ཉིད་ཚང་བ་ཞིག་གནང་དགོས་པ། གཞུང་ཆེན་རྣམས་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ལའང་དོ་སྣང་རྒྱ་མི་ཆུང་བ་དགོས་ལུགས་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་། དེ་ནས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་ལྷན་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་པ་གནས་གཟིགས་དང་། ཉིན་གུང་གསོལ་ཚིགས་གྲུབ་མཚམས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། རྡོ་རྫོང་རིན་པོ་ཆེ་མཆོག སྤྲུལ་སྐུ་ཆོས་རྒྱལ་རིན་པོ་ཆེ་མཆོག་རྣམས་ཀྱི་གཟིམ་ཤག་ཏུ་འཚམས་འདྲི་མཇལ་བཅར་སོགས་ཞུས་གནང་ཡོད་པ་བཅས།།