༢༠༡༣ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ ཉིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་ཡང་སྟེང་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་ཁང་གསར་འཛུགས་དང་བོད་ཀྱི་བང་ཆེན་གསར་ཤོག་འདོན་སྤེལ་བྱས་ཏེ་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལས་ཟུར་ལས་བྱེད་རྣམ་པ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན་གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ལོ་བཅུའི་ལས་དོན་དང་འབྲེལ་གསར་ཁང་དེ་འཛུགས་དགོས་པའི་དམིགས་དོན་བཞི་ངོ་སྤྲོད་གནང་བའི་ནང་། བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་རྒྱུན་འཛིན་བྱ་རྒྱུ། བོད་དོན་བདེན་མཐའ་སེལ་ཐབས་བྱ་རྒྱུ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁོར་ཡུག་གོ་རྟོགས་གོང་མཐོར་སྤེལ་རྒྱུ། མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་ནང་འདྲེན་བྱ་རྒྱུ་སོགས་ངོ་སྤྲོད་གནང་གྲུབ་མཚམས་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལགས་སུ་ཤེས་བརྩོན་ཟུང་ལྡན་གྱི་ཕུལ་བྱུང་ལས་བྱེད། ཅེས་པའི་ཕྱག་འཁྱེར་དང་ཧིན་སྒོར་ཉིས་ཁྲི་སྐུ་མགྲོན་གཙོ་བོ་མཆོག་གིས་གནང་།
དེ་ནས་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགསཀྱིས་གསར་འགོད་པ་དང་གསར་འཕྲིན་རང་དབང་ནི་སྤྱི་ཚོགས་ཤིིག་གི་དགོས་མཁོ་གལ་ཆེ་ཤོས་ཡིན་པ་དང་། ལྷག་པར་བོད་ཀྱི་ཛ་དྲག་གནས་སྟངས་དེའི་འོག་གསར་འགྱུར་བརྒྱུད་ལམ་ཁག་ནང་དངོས་ཡོད་ཀྱི་གནས་ཚུལ་གང་མང་སྤེལ་རྒྱུ་ནི་འཐབ་རྩོད་ཀྱི་འགན་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་མཚམས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ཐོག་ས་འགོད་པར་གཙོ་བོ་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཕན་ཐོགས་པའི་ཕུལ་བྱུང་གི་འཆར་སྣང་ཞིག་དང་། བདེན་པ་ཤོད་རྒྱུའི་སྙིང་སྟོབས་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་བང་ཆེན་གསར་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིར་ཕེབས་པའི་སྐུ་མགྲོན་རྣམ་པས་དབུས་བོད་ཀྱི་བང་ཆེན་གྱི་ལས་བྱེད་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། གསར་འགོད་པ་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་བང་ཆེན་གསར་ཁང་ནས་ལོ་ངོ་བཅུའི་ནང་ལས་དོན་ཧ་ཅང་ཡག་པོ་བསྒྲུབས་ཡོད་ལ་ད་དུང་མུ་མཐུད་ནས་བོད་བསྟན་སྲིད་མི་རིགས་ཆེད་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་པར་བརྟེན་ནས་དགའ་བསུ་ཞུ་བཞིན་ཡོད། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་མི་རིགས་གཅིག་གིས་སྤྱི་ཚོགས་ཀྱི་འགན་འཁུར་བླངས་ཏེ་ལས་དོན་སྒྲུབ་བཞིན་ཡོད། ཡང་རིགས་གཅིག་གིས་སོ་སོས་ལས་དོན་གང་ཡང་མ་བྱས་པའི་ཐོག་བྱེད་མཁན་ཚོར་སྐྱོན་བརྗོད་ཁོ་ན་བྱེད་ཀྱི་འདུག དེ་བཞིན་བར་དུ་གནས་མཁན་རིགས་གཅིག་ཡོང་གི་འདུག དེ་ནི་སྤྱིར་བཏང་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད། འོན་ཀྱང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཆེད་འགན་འཁུར་ལེན་མཁན་མང་བ་ཡོད་སྟབས། ལས་འགུལ་གྲ་སྒྲིག་པོ་དང་ཚགས་ཚུད་ཡོང་གི་ཡོད། སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ནང་ཧ་ཅང་གལ་ཆེན་པོ་རེད། མང་གཙོའི་ཀ་བ་གསུམ་ཞེས་ཡོངས་གྲགས་རེད།
ཕྱིས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནི་ཀ་བ་བཞི་པ་ཡིན་ཞེས་ཤོད་ཀྱི་ཡོད། གསར་འགྱུར་བརྒྱུད་ལམ་ཁག་ནི་སྤྱི་ཚོགས་ནང་ལྟ་བའི་མིག་དང་ཉན་པའི་རྣ་ཆོག་རེད་ཅེས་ཀྱང་ཤོད་ཀྱི་ཡོད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནས་གསུངས་པ་དེ་དག་བདེན་པ་དགོས་པ་དང། འབྲི་མཁན་ལ་བློ་ཁོག་དགོས་པ་མ་ཟད། ལྷག་བསམ་དང་སྲི་ཞུ་དགོས། གང་ལྟར་གསར་འགྱུར་བརྒྱུད་ལམ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཇོན་མེ་ཀེན་གྱིས་ལག་ཐོགས་ཁ་པར་ཞིག་བསྟན་ཏེ་དེས་རྒྱ་ནག་དམར་པོའི་སྲིད་གཞུང་འགྱུར་བ་གཏང་གི་རེད་ཅེས་གསུངས་ཡོད། དེ་བརྒྱུད་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་དང་བརྙན་པར་སོགས་བལྟ་རྒྱུ་ཡོད་སྟབས། རྒྱ་ནག་མི་མང་གིས་མཐོང་བ་བརྒྱུད་རྒྱ་ནག་ནང་འགྱུར་བ་འགྲོ་གི་རེད་ཅེས་གསུངས་ཡོད། དེ་བཞིན་བོད་ནང་གི་བོད་མི་རྣམས་འུ་ཐུག་ཐབས་ཟད་ནས་རང་ལུས་མེར་སྲེག་གཏོང་གི་ཡོད། ང་རང་ཉེ་ཆར་ཨ་རི་དང་ཡུ་རོབ་ཁུལ་གྱི་ས་ཆ་མང་པོ་ཞིག་དང་ས་གནས་གང་དུ་སླེབས་ཀྱང་བོད་མི་དེ་དག་ལ་སྒྲིག་འཛུགས་ཡོད་པ་མ་ཟད། སྐད་ཆ་བཤད་ཀྱང་ཉན་ཏེ་དྲི་བ་ཡང་བཏང་སྟེ་ཧ་ཅང་ཡག་པོ་འདུག སྐབས་དེ་དུས་ངས་ཁྱེད་རང་ཚོའི་ས་གནས་ལ་དཔག་པའི་འགན་འཁྲི་ཡོད་པར་བརྟེན། བོད་ནང་གི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་དེ་དག་ཨ་རི་དང་ཡུ་རོབ་དེ་བཞིན་ས་གནས་གང་དུ་ཡིན་རུང། ཁྱེད་རང་ཚོས་ས་གནས་ཁག་ཏུ་ཁྱབ་པ་བཟོ་ཐུབ་མ་སོང་ཞེས་ཤུགས་ཆེན་པོ་བརྗོད་པ་ཡིན། འོན་ཀྱང་ཁོང་ཚོས་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་གནས་ཚུལ་སོགས་ཞིབ་ཕྲ་རག་གི་མི་འདུག་ཅེས་བརྗོད་བྱུང། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནང་ལས་དོན་གཉེར་མཁན་ཚོས་བོད་རིགས་གནས་ཡུལ་གྱི་ས་གནས་མཐུན་ཚོགས་ལ་འབྲེལ་བ་གནང་སྟེ་ང་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་མངོན་འདོད་རྣམས་འཛམ་གླིང་འདིའི་སྟེང་ཁྱབ་ཐབས་བྱེད་དགོས། སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲུང་ཆེ་འཕྱིང་དཀར་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད།
ཉིན་རྒྱབ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལས་དོན་སྤྱི་དང་། བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ་བཅས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་བགྲོ་གླེང་གནང་ཡོད། ད་ལྟའི་ཆར་བང་ཆེན་གསར་ཁང་དུ་ལས་བྱེད་ ༡༢ ཙམ་ཡོད་འདུག་པ་བཅས། །