༢༠༡༣ ཟླ་ ༤ ཚེས་ ༢༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༩ ཉིན་ཀུམ་རའོ་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་འདུ་འཛོམས་ཀྱི་ལས་འགུལ་ངོ་སྤྲོད་མཛད་སྒོ་དང་ཉེ་འཁོར་གྲོང་གསེབ་ཤི་ལྭའི་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་རྒྱ་གར་ཡུལ་མི་རྣམས་ནས་རྒྱབ་སྐྱོར་ཆེད་མཚན་རྟགས་བསྡུ་བཞེས་ཀྱི་ལས་འགུལ་སྤེལ་ཡོད། ཕྱི་ཚེས་ ༡༡ ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་བདེན་པའི་མེ་ལྕེ་རྩིས་སྤྲོད་ཞུས།
ཕྱི་ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པར་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་བཅས་ངོ་བཅར་གྱིས་ཚོགས་ཆུང་ཆ་བགོས་ཀྱི་གྲོས་གཞི་དགོངས་དོན་ལྟར་མང་ཚོགས་ཀྱིས་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་དང་ཆ་ཤས་ལེན་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ ༢ བར་ཉིན་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་འོག་བོད་མིའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་རྒྱ་ཆེ་སྐབས་འདི་གའི་ཁྱབ་ཁོངས་ནས་ས་འཐུས་སོགས་མི་གྲངས་ ༡༣ མཉམ་ཞུགས་ཀྱི་ལས་དོན་ཇི་བྱུང་མི་མང་ལ་ངོ་སྤྲོད་གནང། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ཉིན་སིར་མུར་རྫོང་ཁོངས་གཞིས་ཆགས་བཞི་ཐུན་མོང་ནས་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་ཕྱོགས་གོ་བསྡུར་ཐག་གཅོད་ལྟར། ཀུམ་རའོ་ས་གནས་གཞིས་ཁོངས་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་རྔམ་སྟོན་ཁྲོམ་སྐོར་གྱི་སྤོན་ཊ་རྩེད་ཐང་ཆེན་མོར་མཛད་སྒོ་དངོས་གཞི་སྐབས་སྲིད་སྐྱོང་མཆོག་གི་གསུང་བཤད་ཨིན་ཧིན་གཉིས་ཐོག་སྒྲོག་སྦྱངས་དང་། སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀིར་ནེ་ཤི་ཇང་མཆོག་གིས་གཙོས་འཕགས་བོད་མཛའ་གྲོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། གཞན་ཡང་རྒྱ་གར་དཔོན་རིགས་ཁག་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད། བོད་མིར་གདུང་སེམས་མཉམ་སྐྱེ་ཞུས་རྗེས་མང་ཚོགས་ནས་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་པ་དང་། སྨོན་ལམ་གསུང་འདོན་རྒྱ་ཆེ་ཞུས་གྲུབ་མཚམས་ཕྱི་དྲོ་ ༦ ཐོག་གྲོང་ཁྱེར་ནང་མར་མེའི་ཁྲོམ་སྐོར་གནང་བ་བཅས་ཀྱི་གནད་དོན་རྒྱ་གར་གསར་ཤོག་ཁག་བཞི་ཙམ་ནང་འདྲ་པར་བཅས་འཁོད་པ་འདུག ཕྱི་ཚེས་ ༣ ཉིན་སིར་མུར་རྫོང་ཁུངས་ས་གནས་འགོ་འཛིན་རྣམས་དང་། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་ལྷན་ཚོགས་ཀྱི་གསུམ་དུས་ལས་འགུལ། དེ་བཞིན་ཉེ་ཆར་ཧ་མ་ཅལ་མངའ་གཞུང་ནས་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཕེབས་འགྲོའི་སྟེང་གློག་དམར་ཅན་བསྒར་ཆོག་པའི་ཡོངས་གྲགས་བཞིན་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་གནང་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསར་འགོད་གསལ་བསྒྲགས་ཧིན་བོད་མཛའ་ཚོགས་དང་གཞིས་ཆགས་ཐུན་མོང་ནས་སྤེལ།
ཕྱི་ཚེས་ ༡༣ ནས་ཉིན་གྲངས་བཞིའི་རིང་སྤོན་ཊ་གྲོང་ཁྱེར་དུ་ལྡི་ལི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་མཐུན་འགྱུར་འོག་སིར་མུར་རྫོང་ཁོངས་གཞིས་ཆགས་བཞི་དང་། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་བཅས་ཀྱི་འཐུས་མི་རྣམ་པར་མང་གཙོའི་སྒྲིག་འཛུགས་སྲ་བརྟན་སླད་ས་འཐུས་ཁག་གི་ལས་དོན་བྱེད་ཕྱོགས་དང་སྔོན་རྩིས་སྟངས་འཛིན་སྐོར་ཟབ་སྦྱོང་གནང་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་གཉིས་འཚམས་འདྲི་སྐབས་ས་འཐུས་ཚོགས་ཁང་དང་ཤ་མོ་འདེབས་ལས་ཁང་གཉིས་དབུ་འབྱེད་དང་། ཁྱབ་ཁོངས་སེར་སྐྱ་མི་མང་ལ་ཚོགས་ཆེན་ཐོག་ཆབ་སྲིད་ཐོག་མང་གཙོའི་འཕེལ་རིམ་སྐོར་གོ་རྟོགས་སྤེལ་ཡོད། ཕྱི་ཟླ་ ༨ ཚེས་ ༤ ཉིན་སྐབས་ལྔ་པའི་ས་གནས་འཐུས་མིའི་ཚོགས་འདུའི་འཐུས་མི་དང་། ཚེས་ ༥ ཉིན་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམས་མི་མང་ནས་འོས་འདེམས་གནང་། ཚེས་ ༢༩ ཉིན་ཀུམ་རའོ་ས་འཐུས་ཚོགས་ཁང་དུ་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ་ལགས་མདུན་ནས་དམ་འབུལ་གྱིས་ལས་འཁུར་ཞུས། དབུས་བོད་མིའི་སྒྲིག་འཛུགས་ནས་བུད་མེད་ལས་འཆར་སྤེལ་རྒྱུའི་ལས་འཆར་ཐོག་ཡང་ནས་ཡང་དུ་ལམ་སྟོན་བཞིན་བུད་མེད་སྤྱི་པས་ལས་དོན་ཐོག་འགན་འཁུར་དགོས་པ་ལྟར། སྒ་པ་བདེ་དོན་ཚོགས་པའི་རྒྱུན་ལས་ནང་བུད་མེད་ ༣ དང་ས་གནས་གྲོས་ཚོགས་ནང་བུད་མེད་ ༡ རང་བདེན་ཚོགས་ཆུང་ནང་བུད་མེད་ ༡ བཅས་སྡེ་ཚན་ཚང་མའི་ནང་བུད་མེད་སླེབས་ཐུབ་པ་བྱུང་ཡོད། ཕྱི་དྲིལ་ལས་ཁུངས་ནས་མི་མང་ལ་ཆབ་སྲིད་གོ་རྟོགས་སླད་གསར་ཤོག་དང་དུས་དེབ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་དུས་ནས་དུས་སུ་འོད་སྡེར་འགྲེམས་སྤེལ་གནང་བ་ཕན་ཐོགས་ཆེན་པོ་ཡོད།
ཀུམ་རའོ་གཞིས་ཆགས་ཀྱི་སྐབས་ལྔ་པའི་ས་གནས་འཐུས་ཚོགས་ཀྱི་སྒྲིག་གསལ་ལྟར་ལོ་རེའི་གྲོས་ཚོགས་ཐེངས་གཉིས་ཚོགས་ཐུབ་པ་བྱུང་བ་མ་ཟད། གཞིས་ཆགས་སྤྱིའི་ལས་དོན་དང་འབྲེལ་བའི་ཐོག་འཐུས་མི་རྣམས་ནས་ཐུགས་སྣང་གཞེན་སྐུལ་གྱི་ལམ་ནས་འཛིན་སྐྱོང་ལ་ལམ་སྟོན་དང་མཐུན་འགྱུར་ཞུ་དགོས་ཁག་གང་ཡོང་ཞུས། ༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཆོས་ཕྱོགས་ཀྱི་ལས་རིམ་གྲུབ་རྗེས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་སྒྲོགས་སྦྱང་དང་ཉེ་འཁོར་རྒྱ་གར་ཡུལ་མི་རྣམས་ལ་མངར་ཟས་ཕུལ་བ་དང་། རྒྱ་གར་ལས་ཁུངས་ཁག་ས་གནས་ཚོགས་མི་མཉམ་ངོ་བཅར་གྱིས་དུས་ཆེན་དང་འབྲེལ་བའི་གནད་དོན་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་ཞུས། བོད་ལྗོངས་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༢ འཁོར་བའི་དུས་ཆེན་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༣ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི། བོད་ནང་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། བོད་ཀྱི་ལོ་གསར་སྐབས་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་གྲའུ་མེ་རྒན་རིན་པོ་ཆེ་དབུ་བཞུགས་ཐོག་སེར་སྐྱ་མི་མང་ནས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་དང་། རྒྱའི་བཙོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་སྨོན་ལམ། དེ་བཞིན་མ་ཎི་ཡིག་དྲུག སྒྲོལ་མ་ཉེར་གཅིག་ལྷ་སྲུང་འཕྲིན་བསྐུལ་བཅས་གསོག་སྒྲུབ་ཞུས་ཏེ་དགའ་སྟོན་སྤྲོ་སྐྱིད་བཏང་མེད་བཅས།