༢༠༡༣ ཟླ་ ༤ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནུབ་བྱང་མངའ་སྡེ་ཨོར་གན་ (Oregon) གྲོང་ཁྱེར་ (Portland) པོར་ཊི་ལན་ཌེའི་ནང་རྟེན་གཞི་བྱས་པའི་ པོར་ཊི་ལན་ཌེ་གཙུག་ལག་སློབ་གཉེར་ཁང་(University of Portland) དང་མི་ཊིར་པ་བོད་ཀྱི་ནང་ཆོས་སློབ་གཉེར་ཁང་(Maitripa College, a Portland-area Tibetan Buddhist college )ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཁུལ་དེར་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐོར་ནང་ཆོས་སློབ་གཉེར་ཁང་དེའི་འགན་འཛིན་མཆོག་གིས་བརྒྱུད་ལམ་ཁག་ནང་གསུང་གསལ། པོར་ཊི་ལན་ཌེའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནང་ཆོས་སློབ་གཉེར་ཁང་དང་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ ནས་ ༡༡ བར་ཁྱོན་ཉིན་གྲངས་གསུམ་རིང་ཁུལ་དེར་ཆིབས་སྒྱུར་བསྐྱང་སྟེ་འཛམ་གླིང་འདིར་གལ་གནད་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེས་མཐོའི་ཚོགས་ཆེན་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་གཏན་འཁེལ་ཡོད། ཐེངས་འདིའི་པོར་ཊི་ལན་ཌེར་ཁོར་ཡུག་དང་འབྲེལ་བའི་ལྷན་ཚོགས་ལ་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་པ་དེས་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་མཛད་འགན་གང་འདྲ་བཞེས་ཀྱི་ཡོད་མེད་ཧ་ཅང་གསལ་པོ་རེད། ཅེས་སོགས་ཀྱི་འགྲེལ་བརྗོད་གནང་འདུག
ཕྱི་ཚེས་ ༩ ཉིན་མི་ཊིར་ཕྷ་ནང་ཆོས་སློབ་གཉེར་ཁང་དང་པོར་ཊི་ལན་ཌེའི་གཙུག་ལག་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས་ཐོག་མགོན་པོ་གང་ཉིད་མཆོག་ཆོས་ཕྱོགས་ཀྱི་རང་བཞིན་དང་ཁོར་ཡུག དེ་བཞིན་ཆོས་ལུགས་རིས་མེད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། ལྷག་པར་དེ་ཉིན་གཙུག་ལག་སློབ་གཉེར་ཁང་དེའི་ནང་༼ཀུན་ཁྱབ་འགན་ཁུར་དང་ནང་སེམས་ཀྱི་ཁོར་ཡུག་༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སོགས་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོར་ཊི་ལན་ཌེར་གནས་སྡོད་བོད་མི་དང་ཉེ་འཁོར་མངའ་སྡེ་ཁག་གི་བོད་མི། དེ་བཞིན་ཁེ་ན་ཌ་སོགས་ནས་ཕེབས་པའི་བོད་མི་རྣམས་དང་སོག་པོ་ཁག་གཅིག་བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །