༢༠༡༣ ཟླ་ ༤ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཌལ་ཧོར་བོད་མིའི་གཏན་འཇགས་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དང་། ས་གནས་སློབ་གྲྭ དེ་བཞིན་ཁུལ་དེའི་ས་གནས་མི་མང་བཅས་ལ་བཀའ་སློབ་དང་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་ནས་ཕེབས་འགྲོ་བརྒྱུད་ཆིབས་ཞལ་སྒྱུར་ཏེ་ཆུ་ཚོད་ ༩།༤༠ ཐོག་བཞུགས་སྒར་༸ཞབས་སོར་འཁོད་སྐབས་རྡ་སའི་མི་མང་རྣམས་ཀྱིས་གཙོས་དད་ལྡན་པ་རྣམས་ནས་གཞུང་ལམ་གཡས་གཡོན་དུ་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་གཞན་གཉིས་དང་། ལྷན་ཁང་ཁག་གཅིག་གི་བཀའ་བློན་རྣམ་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།