༢༠༡༣ ཟླ་ ༤ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༨ ཉིན་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས། ཌལ་ཧོར་གཏན་སློབ་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་གནས་མི་མང་(Public Shool) གི་སློབ་གྲྭར་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་ཆིབས་སྒྱུར་བསྐྱངས་ཏེ་དེ་གའི་སློབ་ཕྲུག་དང་ཉེ་འཁོར་ནས་ཆེད་བཅར་ཞུས་པའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་ཐོག་མར་༸གོང་ས་མཆོག་ས་གནས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་༸ཞབས་སོར་འཁོད་མཚམས་སློབ་གྲྭའི་སློབ་སྤྱིས་གུས་བསུའི་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་ཁག་གཅིག་གིས་རྒྱ་གར་གྱི་སྲོལ་རྒྱུན་ལམ་ནས་གཞས་སྣ་གཟིགས་འབུལ་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་དེར་འདུས་དགེ་ལས་སློབ་ཕྲུག་རྣམས་ལ་ (Educating the heart) སེམས་ཀྱི་སློབ་གསོ། ཞེས་པའི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་དོན།
ངོས་རང་འདིར་སློབ་ཕྲུག་འདུ་འཛོམས་ཆེན་པོ་ཡོད་སར་བསླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང། བོད་དུ་དུས་རབས་བདུན་པ་བརྒྱད་པ་ཙམ་ནས་ནང་ཆོས་རྒྱ་གར་ནས་དར་ཁྱབ་བྱུང་ཡོད། དེ་ཡང་རྒྱ་གར་ན་ལེཎྜའི་མཁན་ཆེན་ཞི་བ་འཚོས་རྒྱ་གར་ནས་བོད་དུ་ནང་ཆོས་དར་སྤེལ་མཛད་ཡོད། དེར་བརྟེན་ངོས་ཀྱིས་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་རྒྱ་གར་གྱི་དགེ་ཕྲུག་ཡིན་ཞེས་བརྗོད་བཞིན་ཡོད། ང་ཚོ་རྒྱ་གར་གྱི་དགེཕྲུག་ཙམ་མིན་པར་དེ་བས་དགེ་ཕྲུག་ཚད་ཐུབ་གཅིག་ཡིན་ཞེས་ངོས་ཀྱི་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། དངོས་ཡོད་གནས་ཚུལ་དེ་ལྟར་ཆགས་ཡོད། རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་ཉམས་ཆགས་ཕྱིན་ནས་དུས་ཡུན་གང་ཙམ་སོང་ཡང་བོད་གངས་ཅན་ལྗོངས་སུ་རྒྱ་གར་དཔལ་ན་ལེཎྜ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པར་ཉར་འཚགས་ཐུབ་ཡོད། རིག་གཞུང་དེ་དག་རྒྱ་གར་གྱི་ཁྱད་ནོར་ཆགས་ཡོད། དེ་ང་ཚོས་ལོ་ངོ་བརྒྱ་ཕྲག་རིང་བདག་པོ་བརྒྱབ་ཡོད།
འཕགས་བོད་དབར་བྱུང་རབས་འབྲེལ་བ་དེ་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་བ་ལས་ཆོས་དང་རིག་གཞུང་གི་འབྲེལ་བ་ཤུགས་ཆེ་བ་ཡོད། ལྷག་པར་ཆོས་ཕྱོགས་ཀྱི་འབྲེལ་བ་ཧ་ཅང་ཐག་ཉེ་པོ་ཡོད། སྐབས་རེ་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་ཀྱི་ཡོད། དེར་རྒྱུ་མཚན་ཡོད། ངོས་ཀྱི་ལུས་པོར་ཆ་བཞག་ན་ལོ་ངོ་ལྔ་བཅུ་ལྷག་གི་རིང་རྒྱ་གར་ཁ་ཟས་ལ་རྟེན་ནས་འཚོ་བ་ཙམ་མ་ཟད། ཀླད་པའི་རྩ་ཕྲན་ཚང་མའི་ནང་རྒྱ་གར་སྲོལ་རྒྱུན་གྱི་རིག་གནས་ཁྱབ་ཡོད། ངོས་རང་ལོ་ངོ་དྲུག་བདུན་སྐབས་ནས་དཔལ་ན་ལེཎྜའི་རིག་པའི་གཞུང་ལུགས་ལ་སྦྱངས་བརྩོན་བྱ་རྒྱུ་འགོ་བཙུགས་བྱས་ཡོད།
ཐོག་མར་ཆུང་དུས་སྐབས་ནས་བློ་འཛིན་འགོ་བཙམས། དེ་ནས་ཚིག་རེ་རེ་བཞིན་ཚིག་འགྲེལ་སྦྱངས་བརྩོན་བྱས་པ་རྣམས། རིག་པའི་བརྡར་ཤ་བྱས་ནས་རྩོད་པ་རྩོད་པ་སོགས་ཀྱི་ཐབས་ལམ་ཐོག་ནས་སྦྱངས་བརྩོན་བྱས་ཡོད། རྒྱ་གར་ལྟ་བུར་ཆ་བཞག་ན་འཛམ་གླིང་ནང་ལྟ་གྲུབ་ཡོད་མཁན་ཆོས་ལུགས་གཙོ་ཆེ་བ་མང་པོ་ཞིག་འབྱུངས་ཁུངས་ཆགས་ཡོད། ལོ་ངོ་གསུམ་སྟོང་བཞི་སྟོང་གོང་རྒྱ་གར་ནང་མཁས་པ་མང་པོ་བྱུང་ཡོད། དེར་བརྟེན་རྒྱ་གར་ནི་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཐུབ་པའི་དཔེ་མཚོན་ཁོ་ན་ཆགས་ཡོད། དེ་ནས་ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་རྗེས་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཡིན་པའི་རྒྱ་གར་རྒྱལ་ཁབ་ཀྱི་གནས་སྟངས་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་ངང་གནས་ཐུབ་ཡོད། རྙོག་གྲྭ་ཆུང་ཚག་རིགས་གང་དུའང་ཡོད་པ་དེར་བསམ་ཤེས་ཐུབ་པ་ཡིན། མི་འབོར་དུང་ཕྱུར་མང་པོ་ཡོད་པའི་རྒྱལ་ཁབ་ནང་རྙོག་གྲ་ཕྲན་བུ་ཡོང་རྒྱུ་ནི་ཆོས་ཉིད་ཆགས་ཡོད། སྤྱི་ཡོངས་ནས་རྒྱ་གར་ནང་མང་གཙོ་དང་རང་དབང་། ཁྲིམས་ལུགས་དབང་འཛིན་གྱིས་ཁྱབ་ནས་ཡོད་པར་བརྟེན་སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་ངང་གནས་ཡོད། དེར་བརྟེན་མཐུན་འགྱུར་དེ་དག་འབྱུང་འགྱུར་སྤྱི་ཚོགས་ནང་དཔལ་འབྱོར་ཙམ་མིན་པར་ནང་བསམ་བློ་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་སྟེ། དེང་རབས་སྤྱི་ཚོགས་ནང་ཡར་རྒྱས་གོང་འཕེལ་གཏོང་ཐབས་བྱ་རྒྱུ་ནི་སྐབས་བབ་ལས་འགན་ཆགས་ཡོད།
དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཡ་རབས་ཀྱི་མ་འདེང་པའི་དཀའ་ངལ་འཕྲད་བཞིན་ཡོད། ཡུ་རོབ་དང་ལྷོ་བྱང་ཨ་མི་རི་ཀ། ཨ་ཕི་རི་ཀ། དཀྱིལ་ཤར་ཡུལ་གྲུ དེ་བཞིན་ཨེ་ཤི་ཡ་སོགས་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུར་རྒྱ་གར་ནང་ལོ་ངོ་སྟོང་ནས་དར་བའི་འཚེ་མེད་ཞི་བ་དང། ཆོས་ལུགས་རིས་མེད་ལ་གུས་བརྩི་ཞུ་རྒྱུའི་རིག་གཞུང་དེས་ཏན་ཏན་ཕན་ཐོགས་བྱེད་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་ཏེ་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད།།