༢༠༡༣ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་ནང་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དེར་འདུས་མི་དམངས་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་ག་སུད་སིར་འབྱོར་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ངོས་ཀྱིས་དུས་རྟག་ཏུ་དགོན་པ་ཞེས་སྐབས་སློབ་གཉེར་ཁང་དང་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན་པ་བསམ་བློའི་ནང་བག་ཆགས་འཆར་རྒྱུ་ཞིག་དགོས་པ་མ་ཟད། དེའི་ནང་ནས་སེམས་ཀྱི་འགྲོ་སྟངས་དང་སེམས་ལ་བཟོ་བཅོས་གཏོང་སྟངས་སློབ་ཀྱི་ཡོད་བསམ་པ་ཞིག་ངེས་པར་དགོས། གང་ལྟར་དགོན་པ་ཞེས་པའི་ཚིག་དེ་བློར་ཤར་བ་དང་དེ་སློབ་གཉེར་ཁང་ཡིན་པ་ཞིག་བསམ་དགོས། ཞེས་བརྗོད་ཀྱི་ཡོད། དཔེར་ན། ང་ཚོའི་བསམ་བློའི་ནང་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་ཞེས་བརྗོད་པ་དང་སློབ་གཉེར་ཁང་ཞིག་ཡིན་པ་བློར་འཆར་གྱི་འདུག་མ་གཏོགས་ཚོགས་འབུལ་ཡུལ་དང་མང་ཇ་གཏོང་ས་ལྟ་བུ་བློར་ཤར་གྱི་མི་འདུག སྔ་མོ་སྔ་དགོང་དམ་བཅའ་འཇོག་སྐབས་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་དྲི་མ་མེད་པ་ཆགས་ཀྱི་ཡོད་པ་རེད་མ་གཏོགས། སྤྱིར་བཏང་ང་ཚོས་དགོན་པ་ཞེས་སྐབས་ཚོགས་ཚོགས་ཡུལ་དང་འདོན་པ་འདོན་ཡུལ་ལྟ་བུར་བློར་ཤར་གྱི་འདུག་པས་དེར་ང་ཚོས་འགྱུར་བ་གཏོང་དགོས། ངོས་ཀྱིས་རྒྱུན་དུ་ལ་དྭགས་སོགས་ལ་དགོན་པ་ཞེས་སྐབས་སློབ་གཉེར་ཁང་ཞིག་ཡིན་པའི་རྣམ་འགྱུར་འཐོན་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད།
དེ་ལྟར་ཡོང་བར་དགོན་པའི་ནང་གི་དགེ་འདུན་པ་རང་ཉིད་ལ་ཆ་མཚོན་ན། སྔོན་ལ་ཉམས་ལེན་ཆ་ཚང་བ་བྱེད་ཐུབ་ཀྱང་མ་ཐུབ་རུང་སློབ་སྦྱོང་བྱས་ཏེ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཤེས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རང་ལ་བཤད་སྒྲུབ་ཀྱི་ཉམས་ལེན་གང་ཙམ་ཡོད་པའི་ཐོག་སྐྱ་སེར་ཕོ་མོ་དབྱེར་མེད་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་ནས་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་དགོས་རྒྱུ་གལ་འགངས་ཆེན་པོ་རེད། རི་ཀོན་དགོན་པ་འདི་ཆུང་ཆུང་ཞིག་ལས་མེད་ཀྱང་བཤད་སྒྲུབ་ཟུང་འབྲེལ་ཐོག་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུར་ཁྱེད་རང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཧ་ཅང་ཡག་པོ་བྱུང་འདུག་པས་རྗེས་སུ་ཡི་རང་ཡོད། དེ་རིང་འདི་གར་ཁྱེད་རང་ཚོ་སུད་སིར་སྐྱེས་ནས་འཚར་ལོངས་བྱུང་བའི་མི་རབས་གསར་པ་ཚོ་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་སྤྲོ་སྣང་ཡོད་པ་ཞིག་ཆགས་ཡོད། འདི་གར་ལས་ཀ་བྱེད་མཁན་ཁྱེད་རང་ཚོ་ཚང་མས་ཁུར་བསྐྱེད་ནས་བྱས་པ་རེད། ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་ནང་ཆོས་འགྲེལ་བཤད་རྒྱག་རྒྱུའི་བགྲོ་གླེང་ཚོགས་ཐུབ་ན། རང་ཤུགས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་སླེབ་ཀྱི་རེད། འཛམ་གླིང་གི་སློབ་ཚན་གཞན་ལ་བོད་པའི་སྐད་ཡིག་ཧ་ལམ་བེད་སྤྱོད་མེད་ལ་མིང་ཚིག་མང་དག་ཅིག་གིས་འདང་གི་མེད། འོན་ཀྱང་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་རྣམ་གཞག་ཤོད་སྐབས། དཔེར་ན། སེམས་ཁམས་རིག་པའི་མིང་ཚིག་ལ་ཆ་བཞག་ན། བོད་སྐད་ནང་ལེགས་སྦྱར་སྐད་ནས་བསྒྱུར་གྱིན་བསྒྱུར་གྱིན་བོད་པའི་མིང་ཚིག་གསར་པ་བཟོས་ཡོད་སྟབས། ལེགས་སྦྱར་ནང་གང་ཡོད་པ་རྣམས་བོད་ཡིག་ལ་ཡོད་པར་བརྟེན་ཧ་ཅང་ཕྱུག་པོ་རེད་འདུག དེར་བརྟེན་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་རྒྱག་སྐབས། བོད་སྐད་ལ་མ་བརྟེན་པར་ཐབས་ཤེས་མེད་པ་ཆགས་ཀྱི་ཡོད། དགོན་པ་སློབ་གཉེར་ཁང་དང་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གྲུབ་རྗེས་ང་ཚོས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུར་འབད་བརྩོན་ཆེ་ཙམ་བྱེད་དགོས། སྤྱིར་བཏང་འདས་པའི་ལོ་བཞི་བཅུ་ལྷག་གི་རིང་ངོས་ཀྱིས་ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་ཆོས་ལུགས་མི་སྣ་མང་དག་ཅིག་ཐུག་ཡོད། དེ་དང་ཆབས་ཅིག་ཚན་རིག་པ་ཡང་མང་པོ་ཞིག་ཐུག་ཡོད། ཚན་རིག་པ་མང་དག་ཅིག་ཆོས་ལ་དད་པ་མེད། ཆོས་དད་བྱས་དང་མ་བྱེད་སྒེར་པ་སོ་སོའི་གནས་ཚུལ་རེད། ང་ཚོས་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་རྒྱུ་ཞེས་པ་དེ་ཆོས་ཀྱི་སྐད་ཆ་གང་ཡང་མིན་པར་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་རྒྱུ་ཞིག་རེད།
དཔེར་ན། ཚན་རིག་པས་ཕྱིའི་དངོས་ཁམས་རིག་པ་བཙལ་འཚོལ་བྱེད་ཀྱི་ཡོད། འོན་ཀྱང་ནུབ་ཕྱོགས་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལ་འདང་གི་མི་འདུག སྤྱིར་བཏང་རྒྱ་གར་གྱི་གནའ་རབས་ཀྱི་སེམས་ཁམས་རིག་པ་ཧ་ཅང་གཏིང་ཟབ་པོ་རེད། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པ་དེ་ཧ་ཅང་གི་རྒྱས་པོ་དང་ཟབ་པོ་རེད་འདུག འཛམ་གླིང་སྤྱིའི་མིའི་ཤེས་ཚད་ཆ་ཚང་བ་ཞིག་ཡོང་རྒྱུར་དངོས་ཁམས་རིག་པ་གཅིག་པུའི་ཤེས་ཚད་མིན་པར་ནང་སེམས་ཁམས་རིག་པའི་རྣམ་གཞག་ཤེས་ཐུབ་པ་བྱུང་ན་ཤེས་ཡོན་ཆ་ཚང་བ་ཞིག་ཤེས་ཀྱི་ཡོད། ང་ཚོ་སེམས་ལྡན་སུ་དང་སུ་ཞིག་ཡིན་རུང་བདེ་སྡུག་གི་ཚོར་བ་ནང་གི་རྣམ་པར་ཤེས་པའི་ཐོག་ནས་ཡོང་གི་ཡོད་པ་རེད་མ་གཏོགས་ལུས་པའི་སྐད་ཆ་ཁོ་ན་མིན། དེར་བརྟེན་འཛམ་གླིང་འདིའི་ནང་གི་མིའི་ཤེས་ཡོན་ད་དུང་ཡར་རྒྱས་གཏོང་རྒྱུར་ང་ཚོའི་བཀའ་བསྟན་བཅོས་ཀྱིས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། སོགས་ཀྱི་བཀའ་སློབ་སྩལ་ཡོད། །