༢༠༡༣ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལུ་སན་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ལུ་སེན་ (Lausanne) ནང་རྟེན་གཞི་བྱས་པའི་ལུ་སན་གཙུག་ལག་སློབ་གཉེར་ཁང་ནས་ (University of Lausanne) གོ་སྒྲིག་ཞུས་པའི་སེམས་ཁམས་རིག་པའི་སྐོར་གྱི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་དགེ་ལས་སློབ་ཕྲུག་སོགས་ལ་བཀའ་སློབ་སྩལ་ཡོད། དེ་ཡང་གོང་ཚེས་ཉིན་ལུ་སན་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོའི་ནང་ཚན་རིག་པ་དང་། སྨན་པ། འཕྲོད་བསྟེན་ཉམས་ཞིབ་པ། དངོས་ཁམས་
རིག་པའི་དཔྱད་ཞིབ་པ། དགེ་རྒན་ཆེན་མོ། མཐོ་རིམ་སློབ་ཕྲུག་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྷག་ཙམ་འདུ་འཛོམས་འདུ་འཛོམས་ཐོག་ཤེས་པ་ཉམས་ཏེ་དྲན་པ་མི་གསལ་བའི་སྐབས་སེམས་ཀྱི་འཁྱེར་སོ་དང་། སེམས་ཀྱི་འཕྲོད་བསྟེན་གོང་འཕེལ། ཤེས་པ་ཕྲ་མོའི་ཐད་ཕན་ཚུན་དགོངས་འཆར་བརྗེ་ལེན་
མཛད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དམ་སྐོར་ལ་འགྲེལ་བརྗོད་མཛད་དོན།
ད་ཐེངས་ངོས་རང་རྒྱ་གར་ནས་ཐོན་སྐབས་ལྷ་ས་ནས་ཁ་པར་ཞིག་འབྱོར་ཏེ་བོད་ནས་ངོས་རང་གི་ངོ་ཤེས་རང་ལོ་ ༨༨ ལ་སོན་པ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རིག་འཛིན་རྡོ་རྗེ་རྩེ་ཕོ་བྲང་དུ་གཤེགས་ནས་ཉིན་གྲངས་བཅུ་ཙམ་ཕྱིན་ཏེ་ད་ལྟ་ཐུགས་དམ་དུ་བཞུགས་ཡོད་སྐོར་འབྱོར་འདུག དེ་བཞིན་ཉེ་ཆར་ཕན་པོའི་ནང་དགེ་འདུན་པ་གཅིག་རང་ལོ་ ༩༨ ལ་སོན་པ་ཞིག་འདས་གྲོངས་སུ་གྱུར་ཏེ་ཐུགས་དམ་དུ་བཞུགས་འདུག རྒྱ་གར་ནང་འདས་པའི་ལོ་ལྔ་བཅུ་ལྷག་རིང་འདི་ལྟ་བུའི་ཐུགས་དམ་ལ་བཞུགས་མཁན་ཕལ་ཆེར་ང་ཚོས་ཤེས་པ་ཉི་ཤུ་རྩ་གྲངས་ཤིག་བྱུང་ཡོད། ཁ་ཤས་བདུན་ཕྲག་གསུམ་བཞི་ཙམ་སྡོད་ཀྱི་འདུག ངོས་ཀྱིས་བསྙེན་རྫོགས་ཞུ་ཡུལ་གླིང་རིན་པོ་ཆེ་མཆོག་ཞག་མ་བཅུ་གསུམ་བཞུགས་པ་རེད། དགའ་ལྡན་ཁྲི་ཟུར་བློ་བཟང་ཉི་མ་ལགས་ཉིན་གྲངས་བཅོ་བརྒྱད་ཐུགས་དམ་དུ་བཞུགས་ཡོད། ཕྱིས་སུ་རྒན་ཉི་མ་ལགས་ལྟ་བུ་ང་ཚོ་ཚན་རིག་པ་དང་འབྲེལ་བ་བྱུང་རྗེས་ཐུགས་དམ་བཞུགས་མཁན་ཚོར་བརྟག་དཔྱད་བྱེད་རྒྱུའི་འཆར་གཞི་ཡོད་པ་བརྟེན། ཁྲི་ཟུར་རིན་པོ་ཆེ་གཤེགས་ནས་ཁོང་གི་སྐུ་ཕུང་སྟེང་གློག་སྐུད་བསྒར་ནས་བརྟག་དཔྱད་བྱས་ཡོད། དེ་ལྟར་བྱས་ཏེ་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། སྤྱིར་བཏང་འདིར་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་མེད། འདིར་སངས་རྒྱས་པའི་གཞུང་ནས་འཆི་བ་འོད་ཟེར་མངོན་དུ་འགྱུར་ཏེ་ད་ལྟ་ཕུང་པོ་རྙིང་པའི་ནང་འཆི་བ་འོད་ཟེར་གནས་ཡོད།
དེ་བཞིན་ཁལ་ཁ་རྗེ་བཙུན་སྐུ་གོང་མ་རྒྱུན་རིང་སྙུན་ཏེ་འཆི་ལ་ཉེ་བའི་སྐབས། ཁོང་གིས་དགོངས་པ་གཞན་དོན་དུ་ག་དུས་ཕེབས་ན་ཡག་པ་ཡོད་དམ། ཞེས་ལན་ཞིག་འབྱོར་བྱུང་། དེའི་སྐབས་བོད་ཟླ་ ༡༢ རེད། ནང་པའི་ལུགས་སྲོལ་ལ་ལོ་མཇུག་དགོངས་པ་རྫོགས་ན་ཡག་པོ་མེད་པའི་བཤད་སྲོལ་ཡོད་སྟབས། ལོ་གསར་པའི་ནང་གཞན་དོན་དུ་ཕེབས་ན་ཞུས་པ་ལྟར། ལོ་གསར་པ་ཤར་བ་དང་ཏག་ཏག་དགོངས་པ་རྫོགས་ཏེ། ངོས་ཀྱི་སྐུ་ཚབ་དེ་གར་མ་སླེབ་བར་ཐུགས་དམ་ལ་བཞུགས་ནས་ངོ་མཚར་ཆེན་པོ་བྱུང་། དེར་བརྟེན་ཕུང་པོ་རྙིང་པ་དེ་ཤེས་པ་ཕྲ་མོས་བཟུང་ཏེ་དྲི་མ་མི་ཁ་བའི་གནས་ཚུལ་མཐོང་སྐབས་ཤེས་པ་ཕྲ་མོ་ཡོད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་ངོས་ཀྱིས་ཨུ་ཚུགས་ཞུ་རྒྱུ་མེད། ཚན་རིག་པ་ཚོས་ཉམས་ཞིབ་གནང་རྒྱུ་གལ་ཆེན་པོ་རེད། གང་ལ་ཞེ་ན། སེམས་ཁམས་རིག་པའི་སྐོར་ནང་ཆོས་ནང་འགྲེལ་བཤད་གཏིང་ཟབ་པོ་ཡོད། ཅེས་སོགས་ཀྱི་འགྲེལ་བརྗོད་མཛད་འདུག་པ་བཅས། །