༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་གྲོང་ཁྱེར་མུ་ནིཀ་གནམ་ཐང་དུ་ Munich Airport འཁྱུག་ཙམ་༸ཞབས་སོར་འཁོད་རིང་རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མིས་ཕེབས་བསུ་ཞུས་པ་མ་ཟད།
བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཐོག་ཡུན་རིང་ནས་རོགས་རམ་གནང་མཁན་ཨ་མ་ཝེ་ག་ Ms Irmtraut Wagerལགས་དང་མཇལ་འཕྲད་མཛད། ཨ་མ་ཝེ་ག་ལགས་ནི་ད་ལྟ་རང་ལོ་ ༩༣ ཡིན་འདུག མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ཕྱག་འཇུས་མཛད་པ་དང་སྦྲགས། ཨ་མ་ལགས་ཀྱིས་ད་བར་བཙན་བྱོལ་བོད་མིའི་སློབ་ཕྲུག་གྲངས་ ༢༠༠༠༠ ལྷག་ལ་ཡུན་རིང་ནས་ཤེས་ཡོན་ཐོག་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཀྱི་ཐུགས་རྗེ་ཆེ་ཞུ་གནང་མཛད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་ South Tyrolརང་སྐྱོང་མངའ་ཁུལ་བྷོལ་ཛ་ནོའི་ Bolzano གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་མཚམས། ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (President Luis Durnwalder) མཆོག་དང་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་གུན་ཐར་ཀོ་ལོ་ཉ་ Guenther Cologna མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ས་གནས་བོད་མི་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུ་ཐོག་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།