༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་ཆེ་བ་དང་རྒྱལ་སྤྱིའི་མཚན་སྙན་ཆེ་བའི་ (Nobel) ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་ (Desmond Tutu) མཆོག་ལ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༡ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་ (Templeton) ཊེམ་པེལ་ཊོན་གཟེངས་རྟགས་འབུལ་གཏན་འཁེལ་བར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་མཛད་དོན།
ཐེངས་འདིའི་ཊེམ་པེལ་ཊོན་གཟེངས་རྟགས་དེ་བཞིན་ལྷོ་ཨ་ཕི་རི་ཀའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་ལ་འབུལ་རྒྱུའི་ཐག་གཅོད་གནང་བ་དེ་ནི་ཁོང་གིས་སྤྱི་ཚོགས་ལ་ཕན་བདེའི་ཞབས་འདེགས་བསྒྲུབས་དང་སྒྲུབ་མུས་ཡིན་པའི་གྲུབ་འབྲས་སོན་པར་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད། ཁོང་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ལྷོ་ཨ་ཕི་རིའི་ནང་དུ་བསྒྱུར་བཅོས་དང་ལྷག་པར་ (Nelson Mandela) ནི་སན་མན་ཌེ་ལ་བཀག་ཉར་ཁང་ནས་གློད་བཀྲོལ་ཐོབ་པ་སོགས་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད། ཅེས་སོགས་མཛད་འདུག
ཐེངས་འདིའི་ཁོང་ལ་འབུལ་རྒྱུའི་གཟེངས་རྟགས་དེར་ཨ་སྒོར་ས་ཡ་གཅིག་དང་གྲངས་ཆུང་བདུན་ཡོད་འདུག སྤྱིར་བཏང་ཊེམ་པེལ་ཊོན་དེ་ནི་ཨ་རི་བ་འབྱོར་ལྡན་ཅན་སྐུ་ཞབས་ཇོན་ཊེམ་པེལ་ཊོན་ (John Templeton) མཆོག་གིས་བཙུགས་ཏེ་ཁོང་གི་མཚན་ཐོགས་པའི་གཟེངས་རྟགས་ཤིག་ཡིན་པ་དང་། གཟེངས་རྟགས་དེ་ནི་འཛམ་གླིང་ནང་འགྲོ་བ་མིར་ཕན་ཐོགས་པའི་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བའི་བྱས་རྗེས་ལ་ངོས་འཛིན་གྱིས་ལོ་ལྟར་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་ཊེམ་པེལ་ཊོན་གཟེངས་རྟགས་དེ་བཞིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་བཅས། །