༢༠༡༣ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༢ ཉིན་རྒྱལ་ས་ལྡི་ལིར་ཏཱ་ལའི་བླ་མའི་ཀུན་ཕན་ཐེབས་རྩ་ཁང་ནས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཏཱ་ཇེ་གསོལ་མགྲོན་ཁང་དུ་སྙན་གྲགས་ཅན་གྱི་རྒྱ་གར་གྱི་སློབ་གྲྭའི་སློབ་མ་ ༢༧༠ བརྒལ་བར་༼ན་གཞོན་ཚོར་འཁྲིས་པའི་ལས་འགན་༽སྐོར་ལམ་སྟོན་བཀའ་སློབ་དང། ཁུལ་དེའི་རྒྱ་གར་གྱི་གནད་ཡོད་མི་སྣ་དང་དད་ལྡན་པ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ ༼ལམ་རིམ་བསྡུས་དོན་༽ དང་སངས་རྒྱས་སྨན་བླའི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་སྩལ་ཡོད། ཕྱི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་གཞུང་གིས་གསོལ་འདེབས་ཞུས་དོན་ལྟར། ར་ཝང་ལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༢༥ ཉིན་འབྲས་ལྗོངས་མངའ་སྡེའི་གཞུང་གིས་ར་ཝང་ལ་ས་གནས་སུ་གསར་བཞེངས་གནང་བའི་མཐོ་ཚད་ཕི་ཊི་ ༡༣༥ ལྡན་པའི་སྟོན་པའི་སྐུ་བརྙན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒོ་ནས་རབ་གནས་དང་དེའི་མཐའ་སྐོར་དུ་གསར་བཞེངས་གནང་བའི་སྟོན་པའི་སྐྱེད་མོས་ཚལ་ (Buddha Park) དབུ་འབྱེད་དང་མང་ཚོགས་ལ་བཀའ་སློབ་སྩལ། དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་གིས་ར་ཝང་ལ་ཁུལ་དང་། འབྲུག འབྲས་ལྗོངས་ཀྱི་ས་ཁུལ་ཁག ཀ་ལོན་སྦུག རྡོར་གླིང་སོགས་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ ༡༠༠༠༠ བརྒལ་བར་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་ཆེ་བ་སྩལ་ཡོད། ཕྱི་ཚེས་ ༢༦ ཉིན་འབྲས་ལྗོངས་ཏ་ཐ་ག་ཏའི་སྐྱེད་མོས་ཚལ་ནང་དད་ལྡན་ཆོས་ཞུ་བ་ཉིས་ཁྲི་བརྒལ་བར་སྟོན་པའི་མཛད་རྣམ་སྙིང་བསྡུས་དང་སྐྱབས་འགྲོ་སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་གྲུབ་མཚམས་སྒྲོལ་དཀར་གྱི་ཚེ་དབང་དང་སྒྲོལ་མའི་རྗེས་གནང་སྩལ།
ཕྱི་ཚེས་ ༢༦ ཉིན་མགོན་པོ་གང་ཉིད་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་སྒྱུར་གྱིས་མཐོ་སློབ་ཁག་གི་སློབ་མར་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་སྩལ། ཕྱི་ཚེས་ ༢༧ ཉིན་ནུབ་བྷང་གལ་ས་གནས་ས་ལུ་གྷ་རའི་ (Salugara) ནང་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ། ༸གོང་ས་མཆོག་གིས་ས་ལུ་གྷ་རའི་དུས་འཁོར་ཐང་ཆེན་དུ་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ བརྒལ་བ་བཅར་ཡོད་པ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་རྗེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན་༽ དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼སེམས་ཉིད་ངལ་གསོ།༽ སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་སྩལ་ཡོད། དེ་བཞིན་སྲད་རྒྱུད་མ་དགོན་གྲྭ་ཚང་དང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱིར་འཛམ་གླིང་སྐྱེ་འགྲོ་ཡོངས་དང་ཡང་སྒོས་རང་ཅག་གངས་ཅན་པ་རྣམས་ཀྱི་སླད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
མགོན་པོ་གང་ཉིད་མཆོག་གི་ལྡི་ལི་དང་འབྲས་ལྗོངས། ནུབ་བྷང་གལ་ས་ལུ་གྷ་རའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༠ ཉིན་གྱི་ས་ལུ་གྷར་ནས་མཁའ་ལམ་བརྒྱུད་སྔ་དྲོ་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་རྡ་སའི་མི་མང་རྣམས་ཀྱིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །