༢༠༡༣ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་ཆེད་ནུབ་བྷང་གལ་ས་གནས་ས་ལུ་གྷ་རར་ (Salugara) ཆིབས་སྒྱུར་བསྐྱངས་སྐབས་གསར་འགོད་པས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིན་ཕིང་གི་འཛིན་སྐྱོང་འོག་ཡུལ་དེའི་ནང་འགྱུར་བ་འགྲོ་གི་ཡོད་མེད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ད་ལྟའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱེད་ཐབས་ཤིག་འཛིན་དགོས་པར་བརྟེན། ཡུལ་དེའི་ནང་འགྱུར་བ་འགྲོ་རྒྱུ་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་འགྱུར་བ་ཆེན་པོ་ཞིག་ལམ་སེང་ཡོང་གི་རེད་སྙམ་ན་དེ་ནི་དངོས་ཡོད་གནས་ཚུལ་དང་མ་འཚམ་པའི་རེ་བ་ཞིག་ཆགས་ཀྱི་རེད། རྒྱ་ནག་གཞུང་ཕྱོགས་ནས་འཛམ་གླིང་གི་གནས་སྟངས་ཡག་ཏུ་གཏོང་རྒྱུར་ལེགས་སྐྱེས་གང་ཙམ་འབུལ་ཐུབ་རྒྱུ་ཡོད། དེ་ལྟར་བྱེད་པར་ཐོག་མར་རྒྱ་ནག་གཞུང་ལ་འཛམ་གླིང་མི་དམངས་ཀྱི་ཆེ་མཐོང་སླེབ་ཐུབ་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་རྒྱལ་སྤྱིའི་ཡིད་ཆེས་དང་ཆེ་མཐོང་ཡོང་བར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་དེ་བཞིན་ཕྱི་གསལ་ནང་གསལ་དགོས་རྒྱུ་ནི་ཤིན་ཏུ་ནས་གནད་འགག་ཆེན་པོ་ཡིན། དེ་ལྟར་མ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྒོ་བརྒྱབ་ནས་བསྡད་ན་འགྲིག་གི་མེད་པ་མ་ཟད། དེས་གནོད་སྐྱོན་ཆེན་པོ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ་འདུག་པ་བཅས། །