༢༠༡༣ ཟླ་ ༤ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༣ ཉིན་སུད་སི་གྲོང་ཁྱེར་ཕ་རའི་བུག་ཚོགས་ཁང་ཆེན་མོའི་ནང་ (Fribourg Forum) དུ་མི་གྲངས་ ༨༠༠༠ བརྒལ་བར་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་དང་ཕྱེད་ཡོལ་བདེན་པའི་འོད་སྣང་གི་གཟེངས་རྟགས་གསོལ་རས་སྩལ་ཏེ་བཀའ་སློབ་ཕེབས་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་བཞུགས་གནས་མགྲོན་ཁང་ནས་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་རྣམས་ནས་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་ཆེན་མོའི་ནང་༸ཞབས་སོར་བདེ་བར་འཁོད་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་བཀའ་སློབ་ཕེབས་དོན། ངོས་རང་ཐེངས་འདིར་སུད་སིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཕྱི་ལོ་ ༡༩༦༡ ལོ་འགོ་ཙམ་ནས་རྒྱ་གར་ནས་བོད་མི་ལམ་བཟོ་བ་ཁག་གཅིག་སྐྱབས་བཅོལ་དུ་བླངས་ཏེ་བོད་མི་དེ་དག་དཀའ་སྡུག་གི་གནས་ལས་ཐར་ཆེད་མཐུན་འགྱུར་རོགས་རམ་ཧ་ཅང་གནང་ཡོད། ངོས་རང་ཕྱི་ལོ་ ༡༩༧༣ ལོར་སུད་སིར་ཐོག་མར་འབྱོར་བ་ནས་ད་བར་དུས་ཚོད་རྒྱུན་རིང་པོ་ཞིག་ཕྱིན་ཚར་བ་རེད། དུས་ཚོད་འགྲོ་རྒྱུ་རེད་མ་གཏོགས་སུས་ཀྱང་བཀག་མི་ཐུབ། འོན་ཀྱང་ང་ཚོས་གལ་ཆེ་ཤོས་ནི་དུས་ཚོད་ཡོད་པ་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་མིན་དྲི་བ་རེད། གལ་ཏེ་ང་ཚོས་དུས་ཚོད་དེ་དག་དབང་ཤེས་ཀྱི་ཚོར་བ་ཙམ་ལ་བརྟེན་པའི་འདོད་ཡོན་ལྔའི་བདེ་བ་ཙམ་ལ་ཞེན་ཆགས་བྱས་ཏེ་དུས་འདའ་བ་ཡིན་ན། ཕྱིས་སུ་འགྱོད་པ་བསྐྱེད་རྒྱུ་རེད། དེར་བརྟེན་དེ་རིང་ཁྱེད་རང་ཚོ་འདིར་འཛོམས་པའི་དགོས་དོན་གཙོ་བོ་ནི། མི་ཚེ་དོན་སྙིང་ལྡན་པ་ཞིག་ཇི་ལྟར་བསྐྱལ་ཐུབ་མིན་ཆེད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་མཛད།
ཉིན་གུང་ལྗགས་སྨིན་གྱི་དུས་ཚོད་བར་སྟོང་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གོ་སྒྲིག་ཞུས་ཐོག་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་གྱི་མི་སྣ་ལྔར་བདེན་པའི་འོད་སྣང་གི་གཟེངས་རྟགས་གསོལ་རས་སྩལ་ཡོད། གཟེངས་རྟགས་འདི་བཞིན་གཙོ་བོ་བོད་དོན་ནམ་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་མཁན་རྣམས་ལ་ངོས་འཛིན་ཆེད་འབུལ་སྲོལ་ཡོད་པ་ལྟར། ཐེངས་འདིར་བོད་ཀྱི་བདེན་པའི་འོད་སྣང་གི་གཟེངས་རྟགས་ཐོབ་མཁན་མི་སྣ་ལྔ་ཡོད་པ་རྣམས་ནི། དབྱིན་ཡུལ་གྱི་སྐུ་ཞབས་རོ་བྷ་ཊི་ཕོ་ཌ་ (Robert Ford) མཆོག་དང། ཇར་མན་ (Germany) མི་སེར་ཡིན་པ་གཙུག་ལག་སློབ་དཔོན་སྐུ་ཞབས་ཤི་ཝར་ཛི་ཤི་ལིངྒ་ (Prof Schwarz-Schilling) མཆོག སུད་སིའི་མི་སེར་ཡིན་པ་ལྕམ་སྐུ་སི་གྷི་རི་ཊི་ཧོ་སི་ཨརན་ (Ms Sigrid Joss-Arnd) མཆོག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་ཧོལ་ལེན་ཌི་ནས་ཡིན་པ་སྐུ་ཞབས་ཐིའོ་ཝན་བྷོ་ཝེན་ (Mr Theo van Boven) མཆོག ཡུ་རུ་གོའི་ (Uruguay) ནས་སྐུ་ཞབས་ཝིལ་ཌར་ཊེ་ལར་ (Mr Wilder Tayler) མཆོག རྒྱལ་སྤྱིའི་ཁྲིམས་རྩོད་མཐུན་ཚོགས་ (International Commission of Jurists) ཀྱི་བོད་དོན་ཉམས་ཞིབ་གནང་བའི་སྙན་ཐོ་དེས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཆེད་ཧ་ཅང་ཕན་རླབས་ཆེན་པོ་བྱུང་བར་ངོས་འཛིན་གནང་ཆེད་ཁོང་ལ་གཟེངས་རྟགས་ཕུལ་ཡོད།
སྐབས་དེར་༸གོང་ས་མཆོག་གིས་ཁོང་རྣམ་པར་རེ་རེ་བཞིན་མིང་འབོད་མཛད་དེ་མཇལ་དར་གསོལ་རས་སྩལ་པ་དང་སྦྲགས་བཀའ་སློབ་ཕེབས་དོན། ཁྱེད་རྣམ་པ་ཚང་མས་ཡུན་རིང་ནས་བོད་མིར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་བརྟེན། ང་ཚོ་བོད་མི་ཚོས་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད། ཁྱེད་ཚོས་མཁྱེན་གསལ་ལྟར་བོད་མི་རིགས་ཀྱི་འདུ་ཤེས་དེ་ནམ་ཡང་ཉམས་པ་མེད། བོད་མིའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བར་བརྟེན་རྒྱལ་ཁ་ཐོབ་ངེས་པ་ཆགས་ཡོད། གང་ཡིན་བརྗོད་ན་བདེན་པར་ནུས་པ་ཧ་ཅང་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་གཟེངས་རྟགས་གསོལ་རས་མཛད། ཕྱེད་ཡོལ་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་མུ་མཐུད་མཛད་ཡོད་པ་བཅས།།