༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་རྒྱལ་ཡོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ (Bharat Tibbat Sahyog Manch) འཛིན་སྐྱོང་ལྷན་ཚོགས་སྐོང་ཚོགས་གནང་ཡོད། སྐབས་དེར་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་འདྲ་མིན་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་གཙོས་འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་ཚོགས་པ་སྔར་བས་ཤུགས་ཆེ་རུ་ཇི་ལྟར་གཏོང་ཐུབ་མིན་སོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད།
དེ་ཡང་ལྷན་ཚོགས་སྐབས་རྒྱ་གར་མངའ་སྡེ་བཅུ་དགུའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འཐུས་མི་དགུ་བཅུ་གོ་ལྔ་ལྷན་འཛོམས་ཀྱིས་དེང་སྐབས་བོད་ནང་དུ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་ཐོག་ལའང་གོ་བསྡུར་གནང་ཡོད། གཞན་ཡང་ལྷན་ཚོགས་སྐབས་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (shri Indresh Kumar) ལགས་དང། བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན་སྐུ་མགྲོན་གཙོ་བོར་སྐུ་ཞབས་སུ་རེ་ཤི་ (Shri Suresh Ji) ལགས་ཡིན་འདུག ཁོང་ནི་རྒྱ་གར་བརྙན་འཕྲིན་སུ་དར་ཤན་ (Sudarshan TV channel) ཞེས་པ་དེའི་གསར་འཛུགས་གནང་མཁན་ཡིན་འདུག གཞན་ཡང་སྐབས་དེར་གསུང་བཤད་གནང་མཁན་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་སྐུ་ཞབས་ཀུལ་དིབ་ཅནྜ་ཨག་ནི་ཧོ་ཏི་རི་Dr. Kuldeep Chand Agnihotri ལགས་དང། དྲུང་ཆེ་ཨ་ཤོཀ་མེན་ཌེ་Shri Ashok Mende བཅས་ཡིན་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྟོན་པ་བཅོམ་ལྡན་འདས་དང་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཆོད་མེ་དང་མེ་ཏོག་གི་ཕྲེང་བ་ཕུལ། སྔ་དྲོའི་ཚོགས་ཐུན་སྐབས་འཕགས་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་དེ་ཤིའི་རྟ་དབང་ཁུལ་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་གྱིས་གཙོས་རྒྱ་གར་རྒྱལ་ཡོངས་སུ་སྔ་ལོར་སྤེལ་བའི་ལས་འགུལ་ཁག་ལ་བསྐྱར་ཞིབ་གནང་ཡོད། ཕྱེད་ཡོལ་འདི་ལོར་གཞུང་མང་གཉིས་ཀྱིས་བོད་དོན་ཆེད་ལས་འགུལ་ཇི་འདྲ་ཞིག་སྤེལ་དགོས་མིན་དང་། ལྷག་པར་གཞི་རིམ་མི་མང་དཀྱུས་མ་ཚོས་བོད་དོན་ཤེས་པའི་ཐོག་ནས་བོད་མི་ཚོར་རྒྱབ་སྐྱོར་ཡོང་ཆེད་ལས་འགུལ་ཇི་འདྲ་སྤེལ་དགོས་པའི་ཐོག་འཆར་གཞི་རག་ཟིན་གཏན་འབེབས་གནང་ཐུབ་པ་བྱུང་ཡོད།