༢༠༡༣ ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས།
༄༅།འདི་གར་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ལས་ཁུངས་ནས་གོ་སྒྲིག་ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་བྷལ་རྡེབ་སིང་ཏོ་མཱར་མཆོག་༼Shri. Baldev Singh Tomar ༽སྐུ་མགྲོན་གཙོ་བོ་དང་སིར་མུར་རྫོང་གི་འཕགས་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏཱ་རམ་ཌ་ཀུར་མཆོག་༼Shri. Geeta Ram Thakur༽ཉེ་འགྲམ་རྒྱ་གར་གྲོང་སེབ་ཁག་བདུན་ཙམ་གྱི་གནད་ཡོད་མི་སྣ་གྲངས་ ༣༥ ཙམ་དང། དེ་བཞིན་བོད་མི་མང་སྤྱི་འཐུས་ཨཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་གདན་ཞུས་ཀྱིས་རྒྱ་གར་ཡུལ་མིར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད།
དེ་ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སྦལ་རྡེབ་སིང་ཏོ་མར་མཆོག རྒྱ་གར་གྲོང་གསེབ་འགོ་བ་རྣམ་པ་དང༌། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི། ཚོང་པ། རྡོ་གཏེར་སྦྱིན་བདག བུད་མེད་ཚོགས་གཙོ་རྒྱ་གར་ཡུལ་མི། ས་གནས་འགོ་འཛིན་ས་འཐུས་ཚོགས་གཙོ་གཙོས་ཚོགས་སྡེ་ཁག་གི་འགན་འཛིན་དང་མི་མང་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་འབྱེད་དང་ྋགོང་ས་མཆོག་དང་གྷན་རྡི་མཆོག་སྐུ་པར་ལ་མཇལ་དར་ཕུལ་གྲུབ་མཚམས་ཚང་མ་སྐུ་བཞེངས་ཀྱིས་བོད་ནང་བསྟན་སྲིད་དང་མི་རིགས་ཆེད་ལུས་སྲོག་བློས་གཏོང་བ་རྣམས་ལ་གུས་བཏུད་ཆེད་མྱ་ངན་སྐར་མ་གཅིག་ཞུས།
དེ་ནས་ས་གནས་འགོ་འཛིན་དངོས་གྲུབ་འོད་ཟེར་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་གི་གཙོས་གཞན་རྣམས་ ཚང་མར་འཚམས་འདྲི་ཞུ་བ་དང་སྦྲགས་ལས་འགུལ་གྱི་དམིགས་དོན་ངོ་སྤྲོད་གནང་རྗེས་འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང། སྐབ་དེར་ཁོང་གིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ལྷག་པར། དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དེར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གསུང་བཤད་གནང།
དེ་ནས་བོད་མི་མང་སྤྱི་འཐུས་ཨཅརྱཱ་ཡ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་སྐད་ཐོག་བོད་དོན་དང་འབྲེལ་བའི་གསུང་བཤད་ཆུ་ཚོད་གཅིག་ཙམ་གནང་རྗེས་རྒྱ་གར་ཡུལ་མི་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་སྐབས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་ཧ་ཅང་ཕན་ཐོགས་ཡོད་པ་ར་སྤྲོད་བྱུང།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་འདིས་ང་ལ་བོད་དོན་སྐོར་ཤེས་རྟོགས་ཡག་པོ་བྱུང་བས་གོ་སྒྲིག་གནང་མཁན་དང་གསུང་བཤད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་བ་རྣམས་ཀྱིས་དབྱིན་ཇིའི་མངའ་འོག་ཏུ་ལོ་མང་རང་དབང་རྩོད་ལེན་བྱས་རྗེས་རང་བཙན་ཐོབ་པ་བཞིན་བོད་མི་རྣམས་ནས་ཀྱང་མུ་མཐུད་ཐབས་རྩོད་གནང་རྒྱུ་གལ་ཆེ་ཡིན་པ་མ་ཟད། ཧིན་བོད་མཛའ་ཚོགས་སོགས་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་སྔར་ལྷག་ཤུགས་གནོན་རྒྱག་དགོས། ས་གནས་འདིར་ད་བར་ཡུལ་མི་དང་བོད་མིའི་དབར་འཆམ་མཐུན་ངང་གནས་ཡོད། དེར་བརྟེན་ད་བར་དཀའ་རྙོག་རིགས་གང་ཡང་བྱུང་མེད། འབྱུང་འགྱུར་ཡང་འཆམ་མཐུན་གྱི་འབྲེལ་བ་རྒྱུན་ཁྱོངས་གནང་རྒྱུར་ངར་རེ་བ་དང་ཡིད་ཆེ་ཡོད། མངའ་གཞུང་ནས་ཉེ་ལམ་སྲིད་སྐྱོང་མཆོག་ལ་ཆེས་མཐོའི་མཐུན་འགྱུར་གནང་བར་དགའ་ཚོར་ཆེ་ཞིང་ས་གནས་ཀྱི་གཞུང་ལམ་ཆེན་མོ་དེ་ཡང་གང་མགྱོགས་བཟོ་ཐུབ་ཐབས་དང་རྡོའི་གཏེར་ཁང་གསར་པ་ཆོག་མཆན་ཐོབ་ཐབས་ལ་སོགས་པར་ཤུགས་གནོན་རྒྱག་བཞིན་ཡོད་སྐོར་དང་བོད་མིའི་གཞིས་ཆགས་ཀྱི་འཐུང་ཆུ་དང་འགྲོ་ལམ་གྱི་དཀའ་སེལ་སླད་གང་འོས་མཐུན་འགྱུར་གནང་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ས་འཐུས་ཚོགས་གཙོ་ངག་དབང་བློ་གྲོས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ།།