༢༠༡༣ ཟླ་ ༣ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་ཊོ་སི་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ཉིན་རྒྱལ་ས་ཀེན་བྷེ་རར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་དང་། རྒྱ་ནག་གཞུང་ཚབ་ཁང་དང་གྲོས་ཚོགས་མདུན་ཐང་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད།
དེ་ཡང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིད་ནི་དང་མེལ་བྷོན། སྦེར་སེ་སྦན། ཀེན་བྷེ་ར། ནིའུ་ཀའ་སོ་བཅས་ས་གནས་ཁག་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་བཅས་མི་གྲངས་ ༢༠༠ ལྷག་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། དེ་ཉིན་སྔ་དྲོ་ནས་བཟུང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་ནས་ཕེབས་པའི་བོད་རིགས་ན་གཞོན་གྲངས་ ༡༢ ནས་དེང་སྐབས་འཚོགས་བཞིན་པའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་སུ་ཆེད་བཅར་ཞུས་ཏེ། གྲོས་ཚོགས་འཐུས་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད།
དེ་བཞིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་འགོ་འཛུགས་ཀྱི་ལས་འགུལ་བ་རྣམས་ནས་ཀེན་བྷེ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་མདུན་ཐང་བར་བོད་དོན་སླད་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ཀྱི་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད།
དེ་རྗེས་ལས་འགུལ་བ་རྣམས་ནས་སླར་ཡང་གྲོས་ཚོགས་མདུན་ཐང་དུ་ཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་གནང་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ལྗང་གུ་ཚོགས་པའི་འཐུས་མི་ལྕམ་སྐུ་ས་ར་ཧན་སོན་ཡང་ (Sarah Hanson Young) ལགས་ཀྱིས་ལས་འགུལ་ཐོག་བོད་དོན་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད། དེ་ནས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་བཤད་གནང་སྐབས། ཨོ་སི་ཊོ་ལི་ཡའི་གཞུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། བོད་ནང་གི་ཛ་དྲག་གནང་སྟངས་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་ལས་འགུལ་ནང་དམིགས་གསལ་སིད་ནི་དང་མེལ་བྷོན། ཀེན་བྷེ་ར་བཅས་ནས་རྒྱ་རིགས་མཁས་དབང་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། སློབ་ཕྲུག བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་སོགས་རྒྱ་རིགས་མང་པོ་ཞིག་ཆེད་ཕེབས་ཀྱིས་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད།
སྐབས་དེར་རྒྱ་རིགས་མཁས་དབང་ཡོན་ཝུང་པིན་ལགས་ཀྱིས་གསུང་བཤད་གནང་དོན། རྒྱ་ནག་དམར་པོའི་གཞུང་གིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ལ་སྡུག་སྦྱོང་ཚད་མེད་བཏང་བར་བརྟེན་ནས་ད་ཆ་བོད་མིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་བཞིན་ཡོད། སྤྱིར་བཏང་རང་དབང་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་ལ་དགོས་ངེས་ཤིག་ཆགས་ཡོད་སྟབས། འཛམས་གླིང་མི་མང་རྣམས་ནས་བོད་མིའི་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད་པ་མ་ཟད། ཁོང་གིས་ཆེད་མངགས་བོད་ཀྱི་བདེན་དོན་ཆེད་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་བསྟོད་ཚིག་ཅིག་ཀྱང་སྒྲོགས་སྦྱང་གནང་འདུག་པ་བཅས། །