༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ (Melbourne) ནང་དུ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ ༣༠༠ ཙམ་ཕེ་ཌི་རེ་ཤན་སི་ཀོ་ཡེར་དུ་ (Federation Square) འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྐབས་དེར་རྒྱ་རིགས་དང་ཝི་ཏི་ནམ་མི་རིགས་བཅས་ནས་ཀྱང་ལྷན་འཛོམས་གནང་སྟེ། ཐོག་མར་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཉིས་རིང་གནང། དེ་ནས་ཞི་རྒོལ་བ་རྣམས་ཀྱིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་ཐོགས་ཏེ་གོམ་བགྲོད་ཀྱིས་རྒྱ་ནག་གཞུང་ཚབ་ཁང་ (Chinese Consulate) དུ་བསྐྱོད། སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་རྩ་བ་ནས་བྱེད་ཀྱི་མེད། ང་ཚོས་ཞི་རྒོལ་བྱེད་ས་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་དམ་བསྒྲགས་བྱས་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཞི་རྒོལ་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་མཉམ་གནས་བྱ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། ང་ཚོས་ཨོ་སི་ཊོ་ལི་ཡ་གཙོས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་གནས་ཡོད་རྒྱ་མི་རིགས་དང་མཛའ་འབྲེལ་གོང་འཕེལ་བཏང་བ་བརྒྱུད། བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གོ་རྟོགས་སྤེལ་ཏེ་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསམ་གྲུབ་ཚེ་རིང་ལགས་ཀྱིས་ཨོ་སི་ཊོ་ལི་ཡེའི་སྲིད་བློན་ལྕམ་སྐུ་ཇུ་ལི་ཡ་གིལ་ལ་ཌི་ (Julia Gillard) མཆོག་ལ་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་གཏམ་སྤེལ་བ་མ་ཟད། བོད་ནང་དུ་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་ཆེད་གཏོང་གིས་བོད་ནང་དུ་དངོས་ཡོད་བོད་མིའི་དཀའ་ངལ་ཐོག་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། གཞན་ཡང་སྐབས་དེར་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་དང། རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཕེ་རེངྐ་རོན་ཇི་ (Mr. Frank Ruanjie) ལགས་ཀྱིས་ཀྱང་བོད་ལ་རང་དབང་ཐོབ་ན་རྒྱ་ནག་ཏུང་རང་དབང་ཐོབ་པ་གཅིག་མཚུངས་ལྟ་བུ་ཆགས་ཡོད། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་ཨོ་སི་ཊོ་ལི་ཡའི་རྒྱ་རིགས་མང་པོས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་གསུངས། དེ་བཞིན་ཝི་ཏི་ནམ་དང་ན་ག་ལན་ཌིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་བོད་མི་ཚོར་མུ་མཐུད་བྱ་རྒྱུའི་ཁས་ལེན་ཡང་གནང་ཡོད། དེ་རྗེས་རྒྱ་ནག་གཞུང་ཚབ་མདུན་དུ་འབྱོར་འཕྲལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་སྒྲོགས་སྦྱང་གནང་འདུག་པ་བཅས། །