༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༥ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༧།༡༣།༡༤།༢༥།༢༦།༢༧ བཅས་སོ་སོར་གྲོས་ཚོགས་འོག་མའི་ཚོགས་མི་དང། གྲོས་ཚོགས་ཚོགས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཁལ་ཌེན་སྦི་ (Michael Danby) མཆོག་གིས་གཙོས་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཊར་སི་ལིབ་པར་མཆོག སྐུ་ཞབས་ཕི་ལིབ་རོ་ཌིག་མཆོག སྐུ་ཞབས་ཝ་རན་ཨིན་ཅི་མཆོག སྐུ་ཞབས་ཧེ་རི་འཇེན་ཀིན་མཆོག སྐུ་ཞབས་རོབ་ཨོག་ཤོབ་མཆོག སྐུ་ཞབས་ཀེན་ཝ་ཊི་མཆོག སྐུ་ཞབས་ཀེལ་ཝིན་ཐོམ་སོན་མཆོག དེ་བཞིན་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་སི་ཀོ་ཀྲི་ལུད་མཆོག ལྕམ་སྐུ་ལི་ཛ་སིང་མཆོག ལྕམ་སྐུ་ལཱ་རི་ས་ཝ་ཊར་མཆོག ལྕམ་སྐུ་སཱར་ཧན་སན་ཡང་མཆོག
སྐུ་ཞབས་ནིག་ཛེ་ནེ་ཕོན་མཆོག རྒྱལ་ཡོངས་ལྗང་ཁུ་ཚོགས་པའི་གཙོ་འཛིན་ཟུར་པ་སྐུ་ཞབས་སྦོབ་སྦོ་རོན་མཆོག་བཅས་ཀྱི་གྲོས་ཚོགས་གོང་མའི་ཚོགས་མི་གྲངས་ ༦ དང་གྲོས་ཚོགས་འོག་མའི་ཚོགས་མི་གྲངས་ ༩ བཅས་བསྡོམས་ ༡༥ ཡི་གྲོས་ཚོགས་ལས་ཁང་དུ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང། དོན་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་བཅས་ནས་གོང་ཞུས་མཇལ་དུས་གཏན་འཁེལ་གནང་བ་ལྟར་ཆེད་བཅར་གྱིས་བོད་ནང་གི་བོད་མི་ཐོག་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར་དང། དྲག་གནོན་ཇེ་ཞན་ཇེ་སྡུག་བཏང་བའི་གནས་སྟངས་ཚབས་ཆེ་ཆགས་ཡོད་པ་བཅས་ཀྱི་ཐོག་རྒྱལ་སྤྱི་ནས་ཐུགས་སྣང་ཡོང་རེ་དང། བོད་མིའི་མངོན་འདོད་དང་མི་མཐུན་པའི་རྣམ་པ་གསལ་སྟོན་ཡོང་ཆེད་བོད་གཞིས་བྱེས་གཉིས་ནང་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནས་སྟངས་ཛ་དྲག་ཆགས་པ་བཅས་ལ་བརྟེན། ཨོ་སི་ཊོ་ལི་ཡའི་གཞུང་ནས་ཐུགས་སྣང་ཐོག་བོད་མིའི་དཀའ་ངལ་སེལ་ཐབས་སུ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ།
དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པའི་སྙན་ཐོ། རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་སྐོར་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་འོད་སྡེར། ཕྱོགས་མཚུངས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་༸གོང་ས་མཆོག་གི་མཛད་རྣམ་སྐུ་པར་སྣ་ཚོགས་པར་སྐྲུན་ཞུས་པའི་ཕྱག་དེབ་བཅས་ཕུལ་བས་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། བོད་ཀྱི་གནས་སྟངས་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་ཞལ་བཞེས་ཐོག་འདི་ཟླའི་ནང་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་གནང་འཆར་ཡོད་གནས་ཕེབས་ཏེ་བོད་གནས་ཞུ་སྐུལ་གྱི་ལས་དོན་གང་ལེགས་བྱུང་ཡོད། དོན་གཅོད་ལས་ཁུངས་ནས་བོད་ནང་ཛ་དྲག་གི་གནས་སྟངས་ཇི་ཆགས་སྐབས་དུས་སོ་སོར་གྲོས་ཚོགས་གོང་འོག་གི་ཚོགས་མི་དང། ཕྱི་སྲིད་བློན་ཆེན་མཆོག ལྷག་པར་སྲིད་བློན་མཆོག་བཅས་ལ་སྐབས་དུས་སོ་སོར་སྙན་འབུལ་ཞུས་དང་ཞུ་མུས་ཡིན་པ་བཅས།།