༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་རེས་གཟའ་པ་སངས་དགོང་དྲོ་གྲོང་ཁྱེར་ནིའུ་ཡོཀ་གྲོང་ཁྱེར་ནང་ཡོད་པའི་རྒྱ་རིགས་གཞོན་སྐྱེས་ཤེས་ཡོན་ཅན་དང་། སློབ་ཕྲུག རྩོམ་པ་པོ་བཅས་ཁྱོན་རྒྱ་རིགས་གྲོགས་པོ་ ༧༠ ཙམ་བསྡུས་པའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད། སྐབས་དེར་ཐོག་མར་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་ནང། བོད་རྒྱ་མི་རིགས་དབར་ཕན་ཚུན་གཅིག་གིས་གཅིག་ལ་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དེང་སང་བོད་ནང་གི་གནས་སྟངས་ཤིན་ཏུ་ཛ་དྲག་ཆེ་བའི་དུས་སྐབས་འདིར་བོད་རྒྱ་མི་མང་དབར་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་པ་ནན་བརྗོད་གནང་ཡོད།
ཐེངས་འདིའི་འདུ་འཛོམས་ལ་འཛམ་གླིང་ཉིན་རེའི་ཚགས་པ་ཞེས་པའི་རྒྱ་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་ཝེ་པི་ཀྲོའུ་དང་། དྲྭ་རྒྱའི་གསར་འགོད་པ་སྦའེ་ཕྷུང་། དཔྱད་གཏམ་པ་ཧུའུ་ཕིང་། ༸གོང་ས་མཆོག་གདན་འདྲེན་ཞུས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག་དབར་གྱི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཐེངས་གཉིས་གོ་སྒྲིག་གནང་མཁན་ཧན་ཁྲ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁཱོང་ཀྲེ་ཀྲུང་། རྩོམ་པ་པོ་གྲན་ཕོ་ཁུང་། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དྲ་གནས་བདེ་འཇགས་ཞིབ་འཇུག་པ་རྒུ་ཁྲོན་སོགས་རྒྱ་རིགས་ཤེས་ཡོན་ཅན་དང་། དེ་བཞིན་ཨ་རིའི་ཤར་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ཁག་གཅིག་ཀྱང་འདུ་འཛོམས་ལ་མཉམ་ཞུགས་གནང་ཡོད།
དགེ་རྒན་ཆེན་མོ་ཁཱོང་ཀྲེ་ཀྲུང་ལགས་ཀྱིས་གསར་འགོད་པར་དགོངས་ཚུལ་གསུང་སྐབས། མིག་སྔའི་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་གནས་སྟངས་འོག རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གནས་ཚུལ་ངོ་མ་ཇི་བཞིན་རྟོགས་དཀའ་བའི་དུས་སྐབས་འདིར། རྒྱ་བོད་གཉིས་ཡང་ཡང་འཛོམས་ནས་དེ་རིང་ནང་བཞིན་ཕན་ཚུན་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། དགོས་ངེས་ཤིག་ཀྱང་རེད། ཅེས་གསུངས།
རྒྱ་རིགས་གྲོགས་པོར་སྣེ་ལེན་ཞུ་བའི་འདུ་འཛོམས་དེ་ནི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ནོར་གླིང་བོད་ཀྱི་གསོལ་མགྲོན་ཁང་དུ་གོ་སྒྲིག་གནང་ཞིང་། འདུ་འཛོམས་ཐོག་གོང་གསལ་རྒྱ་རིགས་རྣམས་ཕུད། བོད་ཀྱི་ཐེབས་རྩའི་འགན་འཛིན་དང་། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན། རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་སོགས་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་ཀྱང་མཉམ་ཞུགས་གནང་ཡོད།
དུས་ཡུན་ཚོུད་གསུམ་རིང་གི་བགྲོ་གླེང་ཐོག་ཕན་ཚུན་ངོ་སྤྲོད་ཀྱི་ཞོར་དུ་བོད་ཀྱི་གནད་དོན་སྐོར་བསམ་ཚུལ་བརྗེ་ལེན་ལྷུག་པོ་གནང་ཡོད། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་འདུ་འཛོམས་མཇུག་སྡོམ་སྐབས། ཐེངས་འདིའི་འདུ་འཛོམས་ལ་སྔར་དང་མི་འདྲ་བར་རྒྱ་རིགས་གཞོན་སྐྱེས་མང་པོ་ཞིག་ཕེབས་ཐུབ་པ་དེ་ནི་གཞོན་སྐྱེས་ཚོས་རིམ་བཞིན་བོད་ཀྱི་གནད་དོན་ལ་དོ་སྣང་དང་སེམས་ཁུར་ཡོད་པའི་མཚོན་རྟགས་ཤིག་ཡིན་པར་བརྟེན། དགའ་སྤྲོ་འཕེལ་བ་དང་ཆབས་ཅིག་ཚང་མར་ཐུགས་རྗེ་ཞུས་ནས་འདུ་འཛོམས་མཇུག་སྡོམ་གནང་ཡོད་པ་བཅས།།