༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ སྐབས་ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། ཇར་མན། ཨོ་སི་ཊི་རི་ཡ། ཅེཀ། སུ་ཝི་ཌེན་སོགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་ ༢༧ ཀྱི་སྐུ་ཚབ་ནས་གསུང་དོན། བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་ང་ཚོར་ཧ་ཅང་བློ་ཕམ་ཡོང་གི་འདུག རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཆེད་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་བྱེད་དགོས། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་འགྲོ་རྒྱུར་དམ་བསྒྲགས་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་མི་ཚོར་སྨྲ་བརྗོད་དང་འདུ་འཛོམས། དེ་བཞིན་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་གཏམ་བརྗོད་རང་དབང་སྤྲོད་དགོས། ཞེས་སོགས་ཀྱི་འབོད་སྐུལ་གནང།
ཕྱོགས་མཚུངས་ཨ་རིའི་སྐུ་ཚབ་འཐུས་མིས་གསུང་དོན། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་གོམས་སྲོལ་སོགས་ལ་མཐོང་ཆུང་ཁྱད་གསོད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། བོད་དང་ཤིང་ཅང་སོགས་ཀྱི་ས་ཁུལ་ཁག་ཏུ་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་དང་ཉེ་འབྲེལ་རྣམས་ལ་ཁྲིམས་འགལ་ནག་ཉེས་ཉེན་ཁག་དཀྲི་རྒྱུའི་སྲིད་བྱུས་དེས་གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་བཞིན་ཡོད། ཅེས་གསུངས།
དེ་བཞིན་ཇར་མན་སྐུ་ཚབ་འཐུས་མིས་གསུང་དོན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་དང་འབྲེལ་བ་ཡོད་པར་ཁ་གཡར་ཏེ་བོད་མི་མང་པོ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ཉེས་པ་ལྗིད་མོ་བཏང་བ་སོགས་ལ་ང་ཚོ་ཧ་ཅང་བློ་འཚབ་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལ་གུས་བརྩི་ཞུ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་དཀའ་ངལ་རྣམས་སེལ་ཐབས་ཀྱིས་བོད་མིའི་ཆོས་དད་དང་རིག་གཞུང་། ཐུན་མིན་གོམས་གཤིས་སོགས་སྲུང་སྐྱོབ་བྱ་རྒྱུའི་རང་དབང་སྤྲོད་དགོས། དེ་བཞིན་འབྱུང་འགྱུར་མི་རིང་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་བོད་དུ་གདན་ཞུའི་མཐུན་འགྱུར་སྐྲུན་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
ཡང་སུ་ཝི་ཌེན་སྐུ་ཚབ་འཐུས་མི་མཆོག་གིས་གསུང་དོན། ང་ཚོས་རྒྱ་ནག་ཁྱོན་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་འདོད་ཡོད། བོད་ནང་དུ་རང་ལུས་མེར་སྲེག་བསྟུད་མར་འཐོན་བཞིན་པར་ང་ཚོར་ཧ་ཅང་སེམས་འཚབ་ཡོད། ཅེས་གསུངས།
ལྷག་པར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མིས་གསུང་དོན། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཚོ་དང་འབྲེལ་བ་ཡོད་ཚུལ་བསྙད་དེ་བློ་བཟང་ཚེ་རིང་དང་བློ་བཟང་དཀོན་མཆོག་ལྟ་བུ་འཛིན་བཟུང་ཁྲིམས་ཆད་བཏང་བར་ང་ཚོར་སེམས་འཚབ་ཡོད། ཅེས་དང།
ཡང་ཨོ་སི་ཊི་རི་ཡའི་སྐུ་ཚབ་འཐུས་མིས་གསུང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པ་ལྟར། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས། ཞེས་གསུངས།
ཕྱོགས་མཚུངས་སུ་ཝི་ཌེན་སྐུ་ཚབ་འཐུས་མིས་སྐབས་དེར་བོད་མི་དང་ཤིང་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སེམས་འཚབ་ཧ་ཅང་ཡོད་སྐོར་གསུངས་པ་མ་ཟད། བོད་མི་ཚོས་རང་ལུས་མེར་སྲེག་ལས་འགུལ་བསྟུད་མར་སྤེལ་བཞིན་པ་དེར་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས་ཡོད།
སྐབས་དེར་བསྟན་འཛིན་བསམ་འཕེལ་ཀེ་ཏ་ལགས་ཀྱིས་གསུང་དོན། འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་ཚབ་ཞུས་ཏེ་ཕྱི་ལོ་ ༢༠༠༨ ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༠༧ རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་སྟེ། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མི་ཚོར་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད། བློ་ཕམ་པ་ཞིག་ལ་བོད་མི་དེ་དག་ཁྲོད་ ༩༠ འདས་གྲོངས་སུ་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་ཐོག་དམ་བསྒྲགས་དང། དཔལ་འབྱོར་ཟུར་ཕུད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་བོད་མིའི་རང་ལུས་མེར་སྲེག་དབར་ཐད་ཀར་འབྲེལ་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།