༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཧི་མཱ་ཅལ་པར་ཌེ་ཤིའི་མངའ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྣུམ་འཁོར་ཐོག་གལ་ཆེ་མི་སྣའི་མཚོན་རྟགས་གློག་དམར་པོ་ (red beacon) བསྒར་རྒྱུའི་ཆོག་མཆན་ཕུལ་ཡོད། སྤྱིར་སྣུམ་འཁོར་སྟེང་གློག་དམར་བསྒར་རྒྱུའི་ཐོབ་ཐང་དེ་བཞིན་གལ་ཆེའི་གནད་ཡོད་མི་སྣར་མ་གཏོགས་དེ་མིན་བསྒར་ཆོག་གི་མེད།
དེ་ཡང་ཐེངས་འདིར་མངའ་གཞུང་གིས་སྲིད་སྐྱོང་མཆོག་ལ་གལ་ཆེའི་མི་སྣར་ངོས་འཛིན་ཞུ་དགོས་པའི་རྒྱུ་མཚན་ནི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློ་ཆེན་སྐུ་ཞབས་ཝིར་བྷ་དྲ་སིངྒ་ (Virbhadra Singh) མཆོག་གིས་གསལ་བཤད་གནང་དོན། ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྣུམ་འཁོར་སྟེང་གློག་དམར་བསྒར་རྒྱུའི་ཆོག་མཆན་འབུལ་རྒྱུའི་ཐག་གཅོད་བྱུང་སོང། གང་ཡིན་བརྗོད་ན། སྲིད་སྐྱོང་མཆོག་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་ཞིག་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་གུས་བཀུར་དང་ཆེ་མཐོང་ཧ་ཅང་ཞུ་རྒྱུའི་སྐུ་མགྲོན་ཁྱད་པར་བ་ཞིག་ཡིན་པར་བརྟེན། ཁོང་རྣམ་ལ་གུས་བཀུར་དང་སྐུའི་སྲུང་བྱའི་འགན་དབང་ཆ་ཚང་ང་ཚོར་ཡོད། ཅེས་གསུངས་ཡོད།