༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྡོར་གླིང་གཏན་སློབ་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་དུས་དྲན་མཛད་སྒོར་རྡོར་གླིང་ཁུལ་དུ་གནས་སྡོད་བོད་མི་ ༥༠༠ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་བསངས་གསོལ་གནང་གྲུབ་མཚམས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཞུ་སླད་ངག་བཅད་སྐར་མ་གཅིག་གནང་སྟེ་བདེན་ཚིག་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྡོར་གླིང་ཁོངས་སུ་ཡོད་པའི་གོར་ཁ་ས་ཁུལ་གྱི་འཛིན་སྐྱོང་ལས་ཁུངས་ (Gorkhaland Territorial Administration) ཀྱི་ལྕམ་སྐུ་ཨུར་མི་ལ་རུམ་བྷ་ (Urmila Rumba) ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། མཛད་སྒོར་རྡོར་གླིང་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྤེལ་བའི་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་བཅས།།