༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་ཆེད་རྒྱལ་བ་རིགས་ལྔའི་ཞལ་ཐང་ཞིག་བཞེངས་བསྐྲུན་ཞུས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་འདུག
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་སུ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུག་ཡིག་ཆེན་མོ་སྟོབས་རྒྱལ་ལགས་བཅས་ལྷན་འཛོམས་ཀྱི་དབུས་སུ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་འགན་འཛིན་སྐལ་བཟང་དམ་ཆོས་ལགས་ཀྱིས་གཙོས་ལས་རོགས་སློབ་ཕྲུག་བཅས་ཀྱིས་རྒྱལ་བ་རིགས་ལྔའི་ཞལ་ཐང་བཞེངས་བསྐྲུན་ཞུས་པ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་གྲུབ་མཚམས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འགན་འཛིན་སྐལ་བཟང་དམ་ཆོས་ལགས་ཀྱིས་དབུས་ལས་རོགས་སློབ་ཕྲུག་རྣམ་པར་མཇལ་དར་གཡོགས་པ་དང་ཆབས་ཅིག་བོད་ཀྱི་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚོའི་སླད་ཁོང་རྣམ་པས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་གསུངས་ཡོད།
གནད་དོན་དེའི་སྐོར་ལ་འདི་གའི་གསར་འགོད་པར་ཁོང་གིས་གསུང་དོན།
ད་ཐེངས་བོད་ནང་ཛ་དྲག་གནས་སྟངས་ཐོག་རྒྱལ་གཅེས་སེར་སྐྱ་ཕོ་མོ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་ལྷའི་ངོ་བོ་ཐམས་ཅད་རྒྱལ་བ་རིགས་ལྔའི་ནང་མ་འདུས་པ་ཞིག་མེད་པར་བརྟེན། ང་ཚོའི་ལས་ཀའི་ངོ་བོའི་ཆ་ནས་རྒྱལ་གཅེས་པ་རྣམ་པའི་རྗེས་དྲན་འཁྲུངས་རྟགས་ཚུལ་དུ་བཞེངས་སྐྲུན་ཞུས་པ་ཡིན། བོད་མི་མང་གི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཡིན་པར་བརྟེན་ནས་ཕུལ་བ་ཞིག་ཡིན། ཞལ་ཐང་དེའི་ཆེ་ཆུང་དཀྱུས་ལ་ཕི་ཊི་ ༡༨ དང་ཞེང་ལ་ཕི་ཊི་ ༡༠ ཡོད། ཅེས་གསུངས། སྤྱིར་བཏང་རྡ་སར་རྟེན་གཞི་བྱས་པའི་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་ནི་འགན་འཛིན་སྐལ་བཟང་དམ་ཆོས་ལགས་ཀྱིས་ལོ་ངོ་བཅུ་ཕྲག་སྔོན་ནས་རི་མོའི་སྒྱུ་རྩལ་ལ་རྨང་གཞི་ཡོད་པའི་ཐོག་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ནས་བཙུགས་ཤིང་ད་ལྟའི་ཆར་སློབ་ཕྲུག་ ༣༤ ཙམ་གྱི་རི་མོའི་ཆེད་ལས་གང་མང་ཞིག་སྐྱེད་སྲིང་གིས་འབད་བརྩོན་གནང་མུས་ཡིན་འདུག
ཐེངས་འདིའི་ཞལ་ཐང་ལ་ཧིན་སྒོར་འབུམ་གསུམ་དང་ཁྲི་བདུན་གྱི་མ་རྩ་གནས་ཡོད་འདུག་པ་བཅས། །