༢༠༡༣ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། ཉེ་ཆར་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་རྒྱ་རིགས་གཞོན་སྐྱེས་དང༌། ཤེས་ཡོན་ཅན་ཁག་གཅིག་གིས་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་ལྷན་དུ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་ཡོད།
གཞི་རྒྱ་ཆུང་ཞིང་དོན་སྙིང་ལྡན་པའི་བགྲོ་གླེང་ཚོགས་འདུ་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས། རྩོམ་པ་པོ་ཚེ་རིང་རྣམ་རྒྱལ་སོགས་བོད་མི་དྲུག་ཙམ་དང༌། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་ཀྲང་སྦོ་ཧྲུའུ་ལགས་དང༌། རྒུ་ཁྲོན་ལགས། སྙན་གྲགས་ཅན་གྱི་དྲྭ་རྒྱའི་གསར་འགོད་སྦའེ་ཕྷུང་ལགས་སོགས་རྒྱ་རིགས་གཞོན་སྐྱེས་ཤེས་ཡོན་ཅན་དང༌། ཉེ་དུས་རྒྱ་ནག་ནས་ཨ་རིར་སློབ་སྦྱོང་དུ་སླེབས་པའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠ ཙམ་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་ཡོད།
སྐུ་ཚབ་དོན་ཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཚོགས་འདུའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་བ་དང་དུས་མཚུངས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་རིགས་གྲོགས་པོ་དང་མཉམ་དུ་འབྲེལ་ལམ་གནང་རྒྱུའི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྒྱ་རིགས་གཞོན་སྐྱེས་ཚོའི་དོགས་དྲིར་ལན་འདེབས་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ལུས་མེར་སྲེག་མི་ཡོང་བའི་འབོད་སྐུལ་སྔ་རྗེས་གནང་ཡོད་པ་དང༌། རྒྱ་ནག་གུང་ཁྲན་གཞུང་གིས་རང་ལུས་མེར་སྲེག་གི་གནད་དོན་༸གོང་ས་མཆོག་དང༌། ཕྱི་ཕྱོགས་སུ་ཡོད་པའི་བོད་མིས་བརྒྱུད་སྐུལ་བྱས་ཚུལ་བཤད་པ་དེ་ནི་བདེན་པ་རྩ་བ་ནས་མིན་པའི་གསལ་བཤད་གནང་ཡོད།
དེ་ནས་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་རིགས་ཤེས་ཡོན་ཅན་རྒུ་ཁྲོན་ལགས་ཀྱིས། ངས་ཉེ་ཆར་བོད་མིའི་རང་ལུས་མེར་སྲེག་སྐོར་རྩོམ་ཡིག་རིང་པོ་ཞིག་བྲིས་པ་ཡིན། ད་བར་བོད་མི་ ༡༠༠ ལྷག་ཙམ་ནས་རང་ལུས་མེར་སྲེག་བཏང་བ་མཐོང་སྐབས་སེམས་པ་ཧ་ཅང་གི་སྐྱོ་པོ་བྱུང༌། དེར་བརྟེན་རྒྱ་བོད་དབར་འབྲེལ་ལམ་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་གོ་བསྡུར་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་སྟེ། ད་རེས་ཀྱི་གཞི་རྒྱ་ཆུང་བའི་བགྲོ་གླེང་ཚོགས་འདུ་དེ་སྐོང་ཚོགས་གནང་དགོས་དོན་སྐོར་འགྲེལ་བརྗོད་གནང༌།
དེ་རྗེས་དེ་སྔ་རྒྱ་ནག་སྤྱི་ཚོགས་ཚན་རིང་ཁང་གི་ཞིབ་འཇུག་པ་མཁས་དབང་ཀྲང་སྦོ་ཧྲུའུ་ལགས་ཀྱིས། དེ་རིང་ནང་བཞིན་གྱི་བོད་རྒྱའི་བགྲོ་གླེང་ཚོགས་འདུ་ཡང་ཡང་བསྐོང་རྒྱུ་ནི་ཕན་ཚུན་རྒྱུས་ལོན་བྱེད་པའི་ཐབས་ལམ་ཡག་ཤོས་ཡིན་པ་དང༌། ད་ལྟའི་དཀའ་ངལ་ཡོངས་རྫོགས་ཀྱི་འགག་རྩ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཐུག་ཡོད་སྐོར། ༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་ནི་རྣམ་དཔྱོད་ལྡན་པའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་པའི་འགྲེལ་བརྗོད་གནང༌།
སྐབས་དེར་རྒྱ་རིགས་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་ཡོད་ཀྱང༌། བོད་ནང་གི་ད་ལྟའི་གནས་སྟངས་དང༌། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དེ་ཙམ་ཤེས་རྟོགས་ཟབ་པོ་མེད་སྟབས། དྲི་བ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་དེ་ཚོར་སྐུ་ཚབ་དོན་གཅོད་བློ་བཟང་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ལན་འདེབས་དང༌། གསལ་བཤད་གནང་ཡོད།
དེ་བཞིན་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་བགྲོ་གླེང་ཚོགས་འདུར་ཞུགས་མཁན་སློབ་ཕྲུག་ཁག་གཅིག་ལ་དུས་ཡུན་ཚོུད་ལྔའི་ཚོགས་འདུ་འདིས་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་ཡོད།
ཚོགས་འདུ་གཙོ་སྐྱོང་གནང་མཁན་གཞོན་སྐྱེས་ཤེས་ཡོན་ཅན་རྒུ་ཁྲོན་ལགས་ཀྱིས་ད་རེས་ཀྱི་ཚོགས་འདུར་ཚང་མས་མཉམ་ཞུགས་གནང་ནས་གང་བསམ་ལྷུག་བཤད་དང༌། བགྲོ་གླེང་ལྷུག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མ་འོངས་པར་ཚོགས་འདུ་འདིའི་རིགས་ཡང་ཡང་བསྐོང་ཐུབ་པའི་འབད་བརྩོན་གང་ཡོང་བྱེད་ཀྱི་ཡིན། ཞེས་གསུངས་ཏེ་ཚོགས་འདུ་མཇུག་སྡོམ་གནང་ཡོད་པ་བཅས།