༢༠༡༣ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ནས་ ༡༣ བཅས་ཉིན་གྲངས་གསུམ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་འགོ་ཁྲིད་འཕོ་འགྱུར་ཐོག་ལྷན་ཚོགས་ཤིག་ཚོགས་ཡོད། སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕྱི་ཚེས་ ༡༢ ཉིན། རྒྱ་ནག་འགོ་ཁྲིད་གསར་པའི་འོག་བོད་དང་ལྷོ་སོག ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཤུགས་རྐྱེན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།
ཨ་རིི་དང་ཡུ་རོབ་སྤྱི་མཐུན་ཚོགས་པས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་མང་པོས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུན་མོང་གི་གྲོས་མོལ་གནང་རྒྱུའི་ལམ་སྲོལ་ཞིག་ཡོད། ལམ་སྲོལ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་གཏོང་རྒྱུའི་ལག་ཆ་ལྟ་བུ་ཆགས་ཡོད་ཀྱང། ད་ཆ་གྲོས་མོལ་གནང་ནས་ལོ་ངོ་ཉི་ཤུ་ཕྱིན་པའི་རྗེས་སུའང་དོན་སྙིང་ལྡན་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་ནི་ཀུན་གྱིས་མཁྱེན་གསལ་ཙམ་མ་ཟད། ཉམས་ཞིབ་ཀྱི་སྙན་ཐོ་མང་དག་ཅིག་དང། གྲོས་མོལ་ནང་དངོས་སུ་མཉམ་ཞུགས་གནང་མཁན་སྐུ་ཚབ་འཐུས་མི་སོགས་ནས་ཀྱང་དེ་ལྟར་ངོས་འཛིན་ཡང་གནང་ཡོད། དེར་བརྟེན་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་ལས་དོན་ཚན་པའི་སྐུ་ཚབ་འཐུས་མི་རྣམས་ལ་འདོད་བློ་མ་ཁེངས་པ་དང་ཡིད་ཐང་ཆད་པའི་ཚོར་བ་དང་བཅས། སྲིད་གཞུང་སོ་སོས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་གཞི་རྩའི་སྐྱོན་ཞིག་ཡོད་པ་ར་འཕྲོད་བྱུང་བ་ནི་བདེན་པ་ར་འཕྲོད་བྱུང་བའི་གནས་ཚུལ་ཞིག་ཆགས་ཡོད།
གང་ཡིན་བརྗོད་ན། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་མོལ་གནང་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དེར་གཞི་རྩའི་སྐྱོན་དང་རྒྱ་ནག་ལ་གཟིགས་ཕྱོགས་དེར་འཁྲུལ་སྣང་ཏོག་ཙམ་ཡོད། རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁྲིམས་སོགས་ཀྱི་གནད་དོན་ཐོག་འབྲེལ་བ་བྱེད་སྐབས་དངོས་གསལ་དེ་ཙམ་མེད་ན་ནུས་པ་ཆེ་བ་ཡོད་པ་ནུབ་ཕྱོགས་པའི་བསམ་ཚུལ་ཁག་གཅིག་གིས་དུས་རྟག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། ནུབ་ཕྱོགས་པའི་དབུ་ཁྲིད་ཚོས་རྒྱ་ནག་འགོ་ཁྲིད་ཚོ་དང་ཐུག་འཕྲད་སྐབས་ཁོང་ཚོ་ཁ་སྐྱེངས་པོ་མི་ཡོང་ཆེད་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་དེ་དག་སྐོར་སྐད་ཆ་ཤོད་རྒྱུར་རྟག་ཏུ་འཛེམས་ཟོན་བྱས་ཡོད། དེ་ལྟར་བྱས་པའི་ཉེར་ལེན་ལ་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྤྱི་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། བོད་མི་མང་པོའི་ཚེ་སྲོག་ཡང་ཤོར་ཡོད། རྒྱ་ནག་གཞུང་གིས་ནུབ་ཕྱོགས་པའི་དབུ་ཁྲིད་ཚོ་དང་ལྷན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། གྲོས་མོལ་དེ་དག་བརྒྱུད་རྒྱ་ནག་རང་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ལོ་རྒྱུས་ཐོག་དཔང་རྟགས་ཟུབ་ཐབས་མེད་པ་དེ་དག་ལ་མང་ཚོགས་ཀྱི་ཁ་རྡུང་འགོག་ཐབས་བྱ་རྒྱུ་དེ་ཡིན། དེར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་དང་ལྷན་ཆ་རྐྱེན་གང་ཡང་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུན་མོང་གི་གྲོས་མོལ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་བ་ཙམ་ལས་དོན་དངོས་ཕྱོགས་གཉིས་ཀས་ཁེ་ཕན་བསྒྲུབ་ཐབས་བྱས་པ་མ་གཏོགས། རྒྱ་ནག་དང་གདོང་ཐུག་གི་སྲིད་བྱུས་འཛིན་འདོད་མེད་པའི་རྣམ་འགྱུར་བཏོན་པ་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་བཞིན་ཡོད།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་ནག་དང་བསྟུན་མཁས་ཀྱི་སྲིད་བྱུས་འཛིན་བཞིན་པ་དེར་རྒྱ་ནག་གཞུང་ལ་ངོ་སོ་དང་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་ངོས་འཛིན་མེད་ཁར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འཛིན་བཞིན་པའི་ལངས་ཕྱོགས་དེར་ནུས་པ་གང་ཡང་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ནུབ་ཕྱོགས་དབུ་ཁྲིད་ཚོས་མང་ཚོགས་ཁ་འགོག་ཁོ་ནའི་དོན་དུ་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱེད་པའི་རྣམ་པ་བསྟན་པ་མ་གཏོགས། དོན་དངོས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་ཁུར་གྱིས་གནོན་ཤུགས་སྤྲད་པའི་ཚོར་སྣང་སྤུ་ཙམ་མེད། རྒྱུ་མཚན་དེར་བརྟེན་ནུབ་ཕྱོགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་བྱུས་དེའི་གཟི་བརྗིད་དང་ཆེས་མཐོང་ཉམས་དམས་སུ་ཕྱིན་ཡོད། བློ་ཕམ་པ་ཞིག་ལ་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུའི་ལམ་སྲོལ་དེ་ནི། རྒྱ་ནག་འགོ་ཁྲིད་ཙམ་མིན་པར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་རང་ཉིད་ཀྱང་ངོ་ཚ་ཁ་སྐྱེངས་ལས་གཡོལ་ཐབས་བྱ་རྒྱུའི་རྒྱུན་ལྡན་གྱི་ལག་ཆ་ལྟ་བུ་ཆགས་ཡོད།
བྱུང་རབས་ལོ་རྒྱུས་ཐོག་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པས་རྒྱ་མི་རིགས་ལ་མཐོང་ཆུང་ཁྱད་གསོད་བྱས་ཚུལ་བཤད་དེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་སྐྱོན་བརྗོད་བྱས་པ་ནི་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་བྱས་པ་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱ་ནག་གིས་སྐྱོན་བརྗོད་དེ་དག་ལས་གཡོལ་ཆེད་ཕྱིའི་རྣམ་འགྱུར་ཧ་ཅང་མཁས་པོ་ཞིག་བསྟན་ཡོད།
འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ནང་འགྲོ་བ་མིའི་ཐོབ་ཐང་ནི། ཀུན་ལ་ཁྱབ་པ་དང་དབྱེ་བ་མེད་པ་ཞིག་ཡིན་ཞེས་འཁོད་ཡོད་པར་བརྟེན། རྒྱ་ནག་གཞུང་གི་བྱ་ཐབས་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད། ལར་ནས་རྒྱ་ནག་གཞུང་གིས་དེ་སྔ་བཙན་རྒྱལ་རིང་ལུགས་དར་སྐབས་ནུབ་ཕྱོགས་པར་མཐོང་ཕྱོགས་ཤིག་ཡོད་པ་དེ་བེད་སྤྱོད་བྱས་ནས་རྒྱ་ནག་རང་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དེ་འགོག་ཐབས་བྱས་ཚེ། ཨེ་ཤི་ཡ་དང་ཨ་ཕི་རི་ཀའི་ནང་དུའང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་གནས་ཚུལ་དེ་མཚུངས་བྱུང་བར་བརྟེན། རིག་བསྒྲེ་བཏང་མི་ཆོག་པ་ཅི་ཡིན།
ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འཛིན་བཞིན་པའི་ཆབ་སྲིད་ལངས་ཕྱོགས་དེར་གཞི་རྩའི་སྐྱོན་ཆ་གཞན་ཞིག་ཡོད་པ་ནི། སྤྱིར་འགྲོ་བ་མིའི་ཐོབ་ཐང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་བཟང་ཕྱོགས་ཀྱི་གཡོ་འགུལ་ཞིག་ཐེབས་དགོས་ན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁྲིམས་སོགས་བདག་གཅེས་དང་སྲུང་སྐྱོབས་ཆེད་ལས་འགུལ་སྤེལ་མཁན་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ལས། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གཙོ་བོར་འཛིན་ནས་འབྲེལ་བ་བྱེད་བཞིན་ཡོད།
དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆབ་སྲིད་ལངས་ཕྱོགས་ནུས་ལྡན་ཞིག་བཟུང་དགོས་ན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་མང་གཙོའི་ལས་འགུལ་བ་ཚོར་རྒྱབ་སྐྱོར་དང་ཁོ་ཚོའི་སྙིང་སྟོབས་ལ་ཡི་རང་ཞུ་དགོས་ཀྱང། སྟབས་མ་ལེགས་པ་ཞིག་ལ་ནུབ་ཕྱོགས་སྲིད་གཞུང་ཁག་གཅིག་གིས་རྒྱ་ནག་འགོ་ཁྲིད་ཚོར་བསྟུན་མཁས་ཁོ་ན་བྱེད་བཞིན་ཡོད།
དེ་སྔ་དམར་པོའི་སྲིད་གཞུང་འོག་ཡོད་པའི་ཤར་ཡུ་རོབ་རྒྱལ་ཁབ་ཚོའི་ནང་རང་དབང་འཐབ་རྩོད་པ་ཚོར་ནུབ་ཡུ་རོབ་སོགས་རང་དབང་ལུང་པའི་གཞུང་མང་གི་རྒྱབ་སྐྱོར་དེས་རང་དབང་འཐབ་རྩོད་རྒྱུན་གནས་ཐུབ་ཆེད་ཕན་ཐོགས་ཇི་ཙམ་ཡོད་པ་ཅེཀ་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝག་ལེབ་ཧ་ཝེལ་ (Vaclav Havel) མཆོག་ལྟ་བུ་ཆབ་སྲིད་བཙོན་པའི་ཉམས་མྱོང་ལས་ཤེས་ཐུབ། དེར་བརྟེན་ད་ཆ་ནུབ་ཕྱོགས་པ་ཚོས་དེ་སྔ་ཤར་ཡུ་རོབ་དམར་པོའི་རྒྱལ་ཁབ་དང་ཨུ་རུ་སུ་དམར་པོའི་སྲིད་གཞུང་ལ་གདོང་ལེན་ཇི་ལྟར་བྱས་པའི་ཉམས་མྱོང་དེས་པེ་ཅིང་དམར་པོའི་གཞུང་འཛིན་པ་ཚོར་ལག་བསྟར་གནང་དགོས།
གྲང་དམག་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་དགྲ་དང་རྒྱ་ནག་མཐུན་ཕྱོགས་རྒྱལ་ཁབ་གཅིག་ཡིན་པའི་ལྟ་ཚུལ་གྱི་ཤུགས་རྐྱེན་དེ་དེང་སྐབས་སུའང་ཡོད་པ་ལྟར་མངོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་གཅིག་བསྡུས་དབང་འཛིན་དམར་པོའི་དབང་བསྒྱུར་འོག་རྒྱ་ནག་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་བརྟེན། དེ་སྔ་ཨུ་རུ་སུ་དམར་པོའི་སྲིད་གཞུང་སྐབས་ཀྱི་གདུག་རྩུབ་དང་དྲག་གནོན་ལམ་ལུགས་གཅིག་མཚུངས་ཤིག་ཆགས་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་གཅིག་བསྡུས་དབང་འཛིན་ལམ་ལུགས་དེར་ནུབ་ཕྱོགས་པའི་སྲིད་གཞུང་དང་གསར་འགོད་པ་ཚོས་ལྟ་ཚུལ་བཟང་པོ་ཞིག་འཛིན་བཞིན་ཡོད། དེ་སྔ་ཕྱི་ལོ་ ༡༩༦༠ །༡༩༧༠ སྐབས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞོན་སྐྱེས་ཁྲོད་མའོ་ཙེ་ཏུང་ལ་མིག་དཔེ་ཡར་ལྟ་བྱེད་ས་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད།
དེང་སྐབས་སུའང་ནུབ་ཕྱོགས་མང་གཙོའི་ལམ་ལུགས་ལས་རྒྱ་ནག་གཅིག་བསྡུས་ལམ་ལུགས་དེ་ཡག་པ་ཡིན་ཚུལ་བསམ་ཚུལ་འདོན་མཁན་དེ་འདྲ་ཡོད། རྒྱ་ནག་ཐོག་འཛིན་བཞིན་པའི་བསམ་ཚུལ་དང་ལྟ་ཕྱོགས་ལོག་པ་དེ་དག་གིས་ད་བར་རྒྱ་ནག་ཐོག་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་ཞིག་འཛིན་ཐུབ་རྒྱུར་འགོག་རྐྱེན་བཟོས་ཡོད། ཡུ་རོབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་སོགས་སྲུང་སྐྱོབ་བྱ་རྒྱུའི་འབད་བརྩོན་དེ་ཡུ་རོབ་ས་ཁྱོན་ཙམ་གྱི་ནང་རྒྱལ་མཚམས་མ་བཅད་པར། འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་དག་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དང་ལངས་ཕྱོགས་སྔར་བས་ཤུགས་ཆེ་རུ་བཏང་སྟེ། ལངས་ཕྱོགས་བརྟན་པོ་ཞིག་བསྐྱར་དུ་སྐྲུན་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་བྱས་པ་བརྒྱུད་རྒྱ་ནག་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང།
དེ་བཞིན་ཁྲིམས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱས་པ་བརྒྱུད། བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་ཡོད།
གཏམ་བཤད་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས། ཚིག་དོན་ལ་ཧེ་བག་ཡོད་ན་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།