༢༠༡༣ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་(Xi Jingping) རྒྱ་ནག་གཞུང་གི་སྲིད་འཛིན་དུ་བསྐོ་བཞག་བྱུང་བར་བརྟེན། ཡུ་རོབ་སྤྱི་མཐུན་གྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་གྲོས་མཆོད་བཞག་ཡོད་པ་མ་ཟད། དམིགས་བསལ་བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཡ་ང་བའི་གནས་སྟངས་གླེང་སློང་གནང་རྒྱུ་ཡིན། ཞེས་གསུང་ཡོད།
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན་རང་ལོ་ ༥༩ ཡིན་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་གིས་(Xi Jingping)སྲིད་འཛིན་ཧུའི་ཅིན་ཐའོ་(Hu Jintao) ནས་རྒྱལ་ཁབ་ཀྱི་སྲིད་འཛིན་གོ་གནས་འཕོ་ལེན་བྱས་པའི་སྐབས་དེར་ཡུ་རོབ་གྲོས་ཚོགས་ཐོག རྒྱ་ནག་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་མཐུན་པའི་ཆབ་སྲིད་ལམ་ལུགས་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པ་དང༌། ལས་དོན་དེའི་ཐོག་ཡུ་རོབ་སྤྱི་མཐུན་ནས་མཉམ་ལས་བྱ་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཡོད། ད་དུང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིས། བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་ཏེ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱེད་པའི་ཡ་ང་བའི་གནས་སྟངས་གླེང་སློང་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་པོའི་བཙན་གནོན་མུ་མཐུད་བྱས་ན། བོད་ཀྱི་ས་ཁུལ་ནང་བརྟན་ལྷིང་རྩ་བ་ནས་ཡོང་ཐབས་མེད། ཅེས་གསུང་ཡོད་པ་རེད། །