༢༠༡༣ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། ལོ་རེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཀྱི་གནས་རིམ་སོ་སོའི་ནང་ས་དམིགས་སྟོང་པ་ཐོན་བཞིན་པ་བཅའ་སྒྲིག་དགོངས་དོན་གསར་བསྐོའི་ལམ་ནས་ཁ་སྐོང་ཞུ་བཞིན་པ་ལྟར་སྔ་ལོ་གནས་རིམ་འདྲ་མིན་ཐོག་ལས་བྱེད་གསར་བསྐོར་དམིགས་པའི་ས་སྟོང་ ༤༣ ལས་བྱེད་འདེམས་ལྷན་ནས་གསལ་བསྒྲགས་བྱས་པར་བོད་རིགས་ན་གཞོན་མཐོ་སློབ་ཐོན་རིགས་ནས་འཚང་སྙན་ཕུལ་སོན་ཁོངས་ཆ་རྐྱེན་ཚང་བ་ ༢༤༠ ནས་ངག་རྒྱུགས་ཀྱི་ལམ་ནས་ཨང་རིམ་མཐོ་སོན་རྩེ་གཏོག་གིས་ན་གཞོན་ ༤༠ ལ་ས་རྭ་མཐོ་སློབ་ཏུ་ཟླ་བ་ལྔ་རིང་བོད་ཡིག་དང་། ཨིན་ཇི། གཞི་རྩའི་རྩིས་ཁྲ་འཇོག་ཉར། བཅའ་ཁྲིམས་དང་སྒྲིག་གཞི་གལ་ཆེ་རིགས། བོད་པའི་རྩ་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལམ་ལུགས། རྒྱ་ནག་དམར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་རིམ་པ་ཁག་སོགས་སློབ་ཁྲིད་བྱས་པའི་ཟབ་སྦྱོང་ཐོན་ཟིན་ན་གཞོན་ ༤༠ རྣམས་དང་།
ལས་བྱེད་ཡིན་བཞིན་པ་ ༢༨ གནས་འཕར་ཡོང་ཆེད། ཕྱི་ཁག་ནས་ལས་བྱེད་ལ་འཛུལ་ཞུགས་བྱེད་རྒྱུའི་ཆ་རྐྱེན་ཚང་བ་མི་གྲངས་ ༦༢ བཅས་ནས་སོ་སོའི་འདོད་མོས་ཀྱིི་ལས་བྱེད་ས་སྟོང་གནས་རིམ་འདྲ་མིན་ཐོག་ལས་བྱེད་གསར་ཞུགས་ཀྱི་ཡིག་རྒྱུགས་བཏང་བའི་གྲུབ་འབྲས་སུ་ལས་བྱེད་ཡིན་བཞིན་པ་གནས་རིམ་གོང་མར་ཡིག་རྒྱུགས་འཕྲོད་པ་ ༤ དང་། ཕྱི་ཁག་ནས་ཡིག་རྒྱུགས་འཕྲོད་པ་མི་གྲངས་ ༨ ཟབ་སྦྱོང་ཐོན་ཟིན་པ་ན་གཞོན་ ༤༠ ནས་ཡིག་རྒྱུགས་འཕྲོད་པ་མི་གྲངས་ ༢༦ བྱུང་བ་མ་ཟད། དྲུང་གཞོན་དང་། དྲུང་ལས། སྡེ་འགན། ལས་དོ། ལས་དྲུང་། རྒན་དྲུང་བཅས་ཀྱི་གནས་རིམ་ལ་ཨང་རིམ་དང་པོ་ལེན་མཁན་ཟབ་སྦྱོང་ཐོན་པའི་ཁོངས་ནས་ཡིན་ཐོག་ཁོ་ཚོ་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༦༧ ༦༧ ཡིན་པར་བརྟེན་ལས་བྱེད་ལ་ཚུད་རྒྱུར་ཟབ་སྦྱོང་གལ་ཆེ་ཡིན་པ་འབྲེལ་ཡོད་ཚང་མས་མཁྱེན་གསལ་རེད།
ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཟིན་པ་ཁ་ཤས་ཐོག་ཨང་ཐོབ་དང་བརྒྱ་ཆ་སྤྲད་པའི་ཕྱོགས་བསྡོམས་ནོར་འཁྲུལ་བྱུང་བའི་བསམ་ཚུལ་ཁ་ཤས་བྱུང་བར་གསལ་བཤད་བྱེད་རྒྱུར། ས་རྭ་མཐོ་སློབ་ཏུ་ཟབ་སྦྱོང་བྱེད་རིང་སློབ་ཚན་འདྲ་མིན་སློབ་ཁྲིད་ཟིན་འཕྲལ་ཡིག་རྒྱུགས་བཏང་སྟེ་སློབ་མ་སོ་སོར་དགོས་ངེས་བརྒྱ་ཆ་མཐོ་དམན་གང་ལོངས་པ་ལ་གཞིགས་པའི་ཨང་ ༥ དང་ ༧ སྤྲོད་རྒྱུ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་སློབ་ལམ་སྟོན་བྱུང་བ་འདེམས་བསྐོ་ལྷན་ཁང་གི་ལྷན་ཚོགས་ཐོག་བཀའ་སྡུར་ཐག་གཅོད་གནང་སྟེ་ཟབ་སྦྱོང་ཐོན་ཟིན་ལས་བྱེད་གསར་ཞུགས་ཡིག་རྒྱུགས་འཕྲོད་པ་རྣམས་ལ་ཨང་ ༥ འམ་ ༧ གང་ཐོབ་པ་ཕྱོགས་བསྡོམས་བྱས་པས་བར་ཁྱད་བྱུང་བ་ལས་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཟིན་པ་ཕྱོགས་བསྡོམས་བྱེད་ཕྱོགས་ཐོག་འདི་ནས་ནོར་འཛོལ་བྱུང་མེད།
ཟབ་སྦྱོང་གཉིས་པ་ཚུགས་རྒྱུའི་གསལ་བསྒྲགས་སྔོན་ཟིན་དེ་ལྟར་ཡང་། འཚང་སྙན་འབྱོར་ཚེས་མཐའ་བཀག་ཟིན་པ་དུས་འགྱངས་གནང་ཟིན་པར་ཟབ་སབྱོང་དུ་འཛུལ་ཞུགས་བྱེད་རྒྱུའི་ཆ་རྐྱེན་སྔོན་དུ་འདེ་གའི་གསལ་བསྒྲགས་ ༢༠༡༣ ཟླ་ ༢ ཚེས་ ༦ འཁོད་ནང་གསལ་ཚང་བ་རྣམས་ནས་འཚང་སྙན་འབྱོར་ཚེས་གཏན་འབེབ་གསལ་བསྒྲགས་མ་བྱས་བར་འཚང་སྙན་འབུལ་འཐུས་ཆོག་པ་ཅེས། ལས་བྱེད་འདེམས་སྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༣ ཚེས་ ༡༦ ལ།།