༢༠༡༣ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར་ཉིན་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༠༧ གཙོ་བོར་གྱུར་བའི་ཁོང་རྣམས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད། མཆོད་འབུལ་སྨོན་ལམ་འདི་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ འཚོགས་བཞིན་པའི་སྐབས་དང་བསྟུན། སུད་སི་ Switzerland དང་ལེ་ཁེ་སི་ཊེན་ Liechtenstein བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
སྨོམ་ལམ་སྐབས་གནམ་གཤིས་གྲང་ངར་ཆེ་མིན་ལ་མ་འཛེམ་པར་བོད་མི་ ༢༠༠ ཙམ་ལྷན་ཞུགས་གནང་ཡོད། སྐབས་དེར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་མི་མི་རེ་ངོ་རེར་བོད་སྤྱི་པའི་རྩ་དོན་ཆེད་འགན་ཡོད་པ་དང། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་ཀྱི་རྩ་དོན་ཆེད་ཚང་མས་སྣེ་ཁྲིད་ཐུབ་ཐབས་གནང་དགོས་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་དོན། གཞིས་ལུས་བོད་མི་ཚོའི་ཚབ་བྱས་ཏེ་ང་ཚོས་ཁོང་རྣམས་ཀྱི་དཀའ་ངལ་སེལ་ཆེད་འཛམ་གླིང་མི་མང་ཚོའི་རྒྱབ་སྐྱོར་འཚོལ་ཐབས་གནང་དགོས། ང་ཚོའི་དམིགས་ཡུལ་ནི་གཞིས་བཞུགས་བོད་མི་ཚོའི་དཀའ་ངལ་མགྱོགས་མྱུར་སེལ་ཐབས་བྱ་རྒྱུ་ཡིན་ནའང། བོད་དོན་འཐབ་རྩོད་དེ་མི་རབས་ནས་མི་རབས་རྒྱུན་གནས་ཐུབ་རྒྱུའི་གྲ་སྒྲིག་བྱེད་ཐུབ་དགོས། ང་ཚོ་རྒྱ་མི་རིགས་ལ་ངོ་རྒོལ་བརྒྱབ་པ་དེ་འདྲ་རྩ་བ་ནས་མིན། ང་ཚོའི་འཐབ་རྩོད་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་ཡིན། ང་ཚོའི་འཐབ་རྩོད་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་གཞི་བཅོལ་བ་ཞིག་ཡིན།
དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་བོད་མིའི་ཐོག་གདུག་རྩུབ་དང་དྲག་གནོན་གྱི་བྱ་སྤྱོད་དེ་ནི་ཕུགས་ལ་བོད་རྒྱ་མི་རིགས་གཉིས་གར་གནོད་གཞི་ལས་ཕན་འབྲས་གང་ཡང་མེད། ཅེས་གསུངས་མཐར་རིན་པོ་ཆེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀི་མུན་ UN General Secretary Mr Ban Ki Moon མཆོག་ལ་འབུལ་རྒྱུའི་ཞུ་སྙན་དེ་བཞིན་སྒྲོག་སྦྱངས་གནང་སྟེ་མཆོད་འབུལ་སྨོམ་ལམ་གྲོལ་ཡོད། གཞན་ཡང་དེ་ཉིན་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ལྷན་ཚོགས་ཤིག་ཏུ་ཆེད་ཕེབས་གནང་ཡོད་པ་བཅས།།