༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ནས་ཕྱི་ཟླ་ ༣ ཚེས་ ༢ བར་ཉིན་གྲངས་ལྔའི་རིང་ཨུ་ཏ་ར་ཁནྜ་དང་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་བོད་མིའི་གཞིས་ཆགས་ཁག་ ༡༡ དང་། དགོན་སྡེ་ ༤ སློབ་གྲྭ་ ༦ བཅས་ཀྱི་ནང་འགུལ་བསྐྱོད་འཕྲོད་བསྟེན་སློབ་གསོའི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་ཀྱིས་གསུང་དོན། འཕྲོད་བསྟེན་སློབ་གསོའི་ལས་རིམ་འདིའི་ཐོག་ཁྱོན་མི་གྲངས་ ༤༠༠༠ ཙམ་གྱི་མཉམ་ཞུགས་གནང་ཡོད། ལས་རིམ་འདི་སྤེལ་དགོས་དོན་ནི་བོད་པའི་སྤྱི་ཚོགས་ནང་རྒྱུན་དུ་ཡོད་པའི་ནད་གཞི་དཔེར་ན། ཊི་བི་དང། (Tuberculosis) ཧེབ་བྷི། (Hepatitis) B སྐྲན་ནད། Cancer ཁྲག་ཤད་ཀྱི་ན་ཚ། (Hypertension) གཅིན་པ་མངར་སྐྱུར་གྱི་ནད་ (Diabetes) བཅས་ཀྱི་ཐོག་གོ་རྟོགས་སྤེལ་སླད་ཡིན། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོར་དམིགས་ཏེ་གཉེན་ནད་རེག་དུག་གི་ནད་གཞིའི་སྐོར་ཡང་སློབ་གསོ་གནང་ཡོད།
སློབ་གསོའི་ལས་རིམ་སྐབས་ནད་གཞི་བྱེ་བྲག་པ་དེ་དག་དང་དེ་བཞིན་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་གཞན་ཁག་གི་ཐོག་དོགས་གཞིའི་རིགས་གསལ་བཤད་དང་ནད་གཞི་སྔོན་འགོག་སོགས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་སོགས་གནང་ཡོད། སྤོན་ཊ་གཏན་སློབ་ཏུ་འཕྲོད་བསྟེན་སློབ་གསོའི་ལས་རིམ་སྐབས་མི་མང་དང་སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོའི་ཐོག་དྲི་བ་དྲིས་ལན་གནང་སྐོར་འགྲེལ་བརྗོད་གནང་།
ཐེངས་འདིའི་འཕྲོད་བསྟེན་སློབ་གསོའི་ལས་རིམ་འདི་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་དང། འཕྲོད་བསྟེན་སློབ་གསོ་ཚན་པའི་འབྲེལ་མཐུད་པ་བསྟན་འཛིན་སྐབས་བཟང་ལགས། བདེ་སྐྱིད་གླིང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་སྨན་པ་བློ་གྲོས་ཕུན་ཚོགས་ལགས་བཅས་ཀྱིས་སྣེ་ཁྲིད་གནང་ཡོད། དེ་བཞིན་ཁོང་རྣམ་པར་སྨན་ཞབས་པ་བསྟན་འཛིན་བདེ་སྐྱིད་ལགས་དང། བསྟན་འཛིན་དབྱངས་སྐྱིད་ལགས། བོད་མི་དང་བླངས་ཞབས་ཞུ་བ་བསྟན་འཛིན་དབྱངས་ཅན་ལགས་བཅས་ཀྱིས་ཕྱག་རོགས་གནང་འདུག་པ་བཅས།།