༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྡ་ས་གངས་སྐྱིད་ལག་རྩེད་སྤོ་ལོའི་རྩེད་ཐང་ (Gangkyi Basketball Ground) དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནང་ཁུལ་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་ཡོད།
རྩེད་འགྲན་དེ་བཞིན་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་འཛམ་གླིང་ཊི་བྷི་ཉིན་མོ་སྲུང་བརྩི་ཞུ་ཆེད་ཡིན་འདུག་པ་མ་ཟད། དེ་ཉིན་མཐའ་མའི་འགྲན་བསྡུར་ཆགས་ཡོད། ཐེངས་འདིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ནང་ལྷན་ཁང་ཁག་འདྲ་མིན་ནས་ཁྱོན་རུ་ཁག་ ༡༢ མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་བུད་མེད་རུ་ཁག་གཉིས་ཀྱང་ཡོད་འདུག རྩེད་འགྲན་འདི་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བྷི་ནད་གཞི་འདིའི་སྐོར་གོ་རྟོགས་སྔར་ལྷག་ཤུགས་ཆེ་རུ་སྤེལ་ཐབས་གནང་རྒྱུ་མ་ཟད། འདི་ལོའི་ཊི་བྷི་ནད་གཞིར་གདོང་ལེན་གྱི་འབོད་སྒྲའི་ནང་། ངའི་མི་ཚེའི་རིང་ཊི་བྷི་མེད་པ་བཟོ་རྒྱུ། (Stop TB in my life time) ཞེས་པའི་དམིགས་ཡུལ་འདི་དོན་འཁྱོལ་སླད་དམིགས་པ་ཞིག་ཡིན་འདུག ཊི་བྷི་ནད་གཞི་འགོག་ཐབས་ཆེད་རྒྱབ་སྐྱོར་གནང་མཁན་ཊི་བྷི་འགོག་དགོས། (Stop TB) ཞེས་པའི་ཨི་ཊ་ལིའི་ཚོགས་པ་ཞིག་ཡིན་འདུག་པ་བཅས།།