༢༠༡༣ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༠ ཉིན་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྒྱ་གར་བྱང་ཤར་ས་གནས་ཀྲུ་ཀྲིང་། ཏི་ཛུ། མེའོ་བཅས་མཐའ་མཚམས་ལུང་ཁུག་དང་དཀའ་ཚེགས་ཅན་གྱི་ས་གནས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༥ ནས་ ༢༨ བར་ཉིན་གྲངས་བཅུ་བཞི་རིང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་དམིགས་བསལ་ཀྲུ་ཀྲིང་ཁ་ཐོར་མི་མང་གི་འཕྲོད་བསྟེན་གནས་སྟངས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་གནང་བཞིན་པའི་ལས་གཞི་ཁག་ས་གནས་སུ་ཕན་ཐོགས་ཇི་ཡོད་ཞིབ་འཇུག་དང་། ས་གནས་སྨན་ཁང་གི་གནས་སྟངས་བཅས་ལ་གཟིགས་ཞིབ། མཐའ་མཚམས་ས་ཁུལ་དུ་གནས་བཞིན་པའི་བོད་མི་རྣམས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞི་བརྒྱུད་ཕན་ཐོགས་ཡོང་སླད་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུས་མཚོན་འཕྲོད་བསྟེན་སློབ་གསོ་ལམ་སྟོན་ཞུས་ཐུབ་པ་མ་ཟད། ཀྲུ་ཀྲིང་མི་མང་ནད་གཅོང་རྣམས་དངོས་སུ་བརྟག་དཔྱད་བྱས་ཏེ་སྨན་བཅོས་དང་ལམ་སྟོན་ཞུས། དེ་བཞིན་མང་ཚོགས་ལ་བཀའ་ཤག་སྐབས་བཅུ་བཞི་པའི་དམིགས་ཡུལ་དང་ལྟ་གྲུབ་གསུམ། ལྷག་པར་ཤེས་ཡོན་གལ་ཆེ་ཡིན་པའི་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༥ སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༦ ཉིན་སྔ་དྲོའི་ཆུ་ཚོད་ ༩།༥༥ ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡིབ་རུ་སྒར་ཐོན་ཏེ་དགོང་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་ཏི་ཛུ་གཞིས་ཆགས་སུ་འབྱོར། ཏི་ཛུ་ས་གནས་སུ་འཚམས་གཟིགས་དང་། ཕྱི་ཚེས་ ༡༧ ཉིན་གྱི་སྔོ་དྲོ་ཆུ་ཚོད་ ༩ ཐོག་ཏི་ཛུ་ས་གནས་མི་མང་འདུ་འཛོམས་ཐོག་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལྟ་གྲུབ་གསུམ་དང་འབྲེལ་དཔེ་མཚོན་གྱི་ལམ་ནས་འཕྲོད་བསྟེན་སྨན་བཅོས་ལྟ་སྐྱོང་ལས་གཞི་ངོ་སྤྲོད་དང་དམིགས་ཡུལ་རྣམས་འགྲེལ་བརྗོད་མཐིལ་ཕྱིན་གནང་ཡོད། སྤྱིར་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འཕྲོད་བསྟེན་སྨན་ཁང་རྣམས་ནས་མང་ཚོགས་ལ་སྔོན་འགྲོའི་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་འགྱུར་གནང་བཞིན་ཡོད་ཀྱང་འཕྲོད་བསྟེན་ལྟ་སྐྱོང་གི་ལས་རིམ་གཉིས་པ་དང་གསུམ་པའི་མཐུན་འགྱུར་ས་གནས་སྨན་ཁང་ལ་མེད་པར་བརྟེན། གློ་བུར་ཛ་དྲག་ནད་མནར་སྐབས་སྨན་གྲོན་ཆེ་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱ་གར་གནས་སྡོད་བོད་མི་ཡོངས་གཅིག་སྒྲིལ་གྱིས་ཐོག་ནས་སྨན་བཅོས་ཉེན་སྲུང་ལྟ་བུའི་སྨན་བཅོས་ལྟ་སྐྱོང་ལས་གཞི་བརྒྱུད་གཅིག་ཕན་གཅིག་གྲོགས་ཡོང་རྒྱུའི་དམིགས་ཡུལ་དང་ཡང་སྒོས་འཕྲོད་བསྟེན་ལྟ་སྐྱོང་གི་ལས་རིམ་གཉིས་པ་དང་གསུམ་པའི་མཐུན་འགྱུར་སྨན་བཅོས་ལྟ་སྐྱོང་ལས་གཞི་གསར་གཏོད་ཀྱི་ལམ་ནས་མང་ཚོགས་ལ་མཐུན་འགྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་དང་།
དེ་ཡང་གཞན་རྟེན་མ་ཡིན་པར་རང་ཁ་རང་གསོའི་ལས་གཞི་ཡིན་པའི་བཀའ་ཤག་གི་ལྟ་གྲུབ་གསུམ་དང་ཚུལ་བཞིན་མཐུན་པའི་འགྲེལ་བརྗོད་ཞིབ་ནན་གནང་ཡོད། ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་རྣམས་དུས་རྒྱུན་དུ་ནས་གཙང་སྦྲ་འཕྲོད་བསྟེན། ཟས་བཅུད་ཚུལ་བཞིན་བཞེས་དགོས་གལ། ཡང་སྒོས་འཕྲོད་བསྟེན་ལས་ཁུངས་ནས་ནད་གཞི་སྔོན་འགོག་སླད་ལས་གཞི་ཁག་མང་དག་ཅིག་མང་ཚོགས་ལ་སྤེལ་མུས་ཡིན་པ་རྣམས་ལ་དོ་སྣང་དང་མཉམ་ཞུགས་གནང་གལ་ཆེ་བ་དང་། གཞན་ནད་རིགས་མཆིན་པའི་ན་ཚ་དང་། གཉན་ནད་རེག་དུག ཁྲག་ཤེད། གཅིན་པ་མངར་སྐྱུར་སོགས་ཀྱི་སྔོན་འགོག་བྱ་ཐབས་ཀྱི་ལམ་སྟོན་སློབ་གསོ་གནང་།
དེ་རྗེས་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ནས་ས་གནས་སྨན་རྩིས་ཁང་ཡན་ལག་སྨན་ཁང་དང་། འཕྲོད་བསྟེན་སྨན་ཁང་བཅས་ལ་འཚམས་གཟིགས་དང་། ལོ་གཞོན་ནད་མནར་ཉམ་ཐག་དང་དབང་པོ་ནུས་མེད་འཚོ་སྣོན་འཐོབ་བཞིན་པ་ཁག་གཅིག་གི་གནས་སྟངས་གཟིགས་ཞིབ་གནང། ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་འཕྲོད་བསྟེན་སྨན་ཁང་གི་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་ལྷན་འཛོམས་ཐོག་གཙོ་བོ་འཕྲོད་བསྟེན་ནས་ནད་རིགས་སྔོན་འགོག་ལས་གཞི་སྤེལ་བཞིན་པ་རྣམས་མང་ཚོགས་ལ་དངོས་སུ་ཕན་ཐོགས་ཡོང་སླད་གོ་རྟོགས་རྒྱ་ཆེ་སྤེལ་དགོས་གལ་ཆེ་བ་དང་། དེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཚང་མས་ཐུགས་འཁུར་ཆེ་བཞེས་དགོས་རྒྱུ་ལམ་སྟོན་སློབ་གསོ་གནང་། ཀྲུ་ཀྲིང་ས་གནས་སུ་འཚམས་གཟིགས་དང་སློབ་གསོ་གནང་གྲུབ་བསྟུན། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥།༣༠ ཐོག་ཏི་ཛུ་གཞིས་ཆགས་ནས་ཐོན་ཏེ་རྡིབ་རུ་སྒར་(Dibrugarh) བརྒྱུད་དགོང་དྲོའི་ཆུ་ཚོད་ ༦ ཙམ་ལ་པ་སི་གྷཊ་(Pasighart)འབྱོར།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཙམ་ལ་པ་སི་གྷཊ་ནས་ཕེབས་ཐོན་གནང་སྟེ་ཡིན་སྐྱོང་ (Yingkiong) དུ་ཕྱི་དྲོའི་ཆུ་ཚོད་ ༣ ཙམ་ལ་འབྱོར། དེ་གའི་རྫོང་གི་སྨན་ཁང་དུ་ལྟ་སྐོར་དང་སྨན་ཁང་གི་གནས་སྟངས་གཟིགས་ཞིབ་གནང། ཕྱི་ཚེས་ ༢༠ སྔ་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་ཡིན་སྐྱོང་ (Yingkiong) ནས་ཐོན་ཏེ་ཕྱི་དྲོའི་ཆུ་ཚོད་ ༣།༠༠ ཙམ་ལ་ཀྲུ་ཀྲིང་དུ་འབྱོར་མཚམས་སྨན་རྩིས་ཁང་ཡན་ལག་སྨན་ཁང་དང་། གཞིས་ལས་ཁང་། གཞིས་དགོན། ས་གནས་འཕྲོད་བསྟེན་སྨན་ཁང་། ཉེ་འཁོར་གྲོང་སྡེ་ (Podung Basti དང་། Behari Basti) གཉིས་ནང་ཡོད་ཉམ་ཐག་གྲོང་ཁྱིམ་གསུམ་ཙམ་ལ་ལྟ་སྐོར་གནང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་རྒྱ་བོད་ས་མཚམས་ (Mc Mohan Line) ནས་ཉེ་འགྲམས་སུ་ཆགས་པའི་གྲོང་སྡེ་ (Gelling Vilalge) དང་། ནོར་བུ་གླིང་གྲོང་སྡེ། སྦོ་ན་གྲོང་སྡེ་བཅས་སུ་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་གཟིགས་ཞིབ་གནང་། དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་ཕྱིར་ཀྲུ་ཀྲིང་ཐོན་ཏེ་ལམ་དུ་ (Kopu Village) ལ་ལྟ་སྐོར་རྗེས་ (Lali Basti, A.L.C Line, P.I Line) ལ་ལྟ་སྐོར་གནང་།
ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཀྲུ་ཀྲིང་ནང་ཡོད་གྲོང་སྡེ་ཁག ༡༧ གྱི་མི་མང་གྲངས་ ༨༠ ཙམ་འདུ་འཛོམས་ཐོག་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བཀའ་ཤག་གི་དམིགས་བསལ་ཤེས་ཡོན་གལ་ཆེ་རྩིས་པའི་ཐོག་སློབ་ཡོན་ཁག་གསལ་བསྒྲགས་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཁག་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། ནད་གཞི་སྔོན་འགོག་སྐོར་སློབ་གསོ་ལམ་སྟོན་དང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་དམིགས་ཡུལ་དང་ངོ་སྤྲོད། དེ་བཞིན་མི་མང་ནས་མཉམ་ཞུགས་དགོས་གལ་སོགས་ཀྱི་ལམ་སྟོན་མཐིལ་ཕྱིན་གནང་། ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཀྲུ་ཀྲིང་ས་གནས་རྒྱ་གར་སྨན་ཁང་དུ་ལྟ་སྐོར་དང་འཕྲོད་བསྟེན་དང་འབྲེལ་སྨན་པ་མཉམ་གོ་བསྡུར་དང་མཐུན་རྐྱེན་ཇི་ཡོད་གཟིགས་ཞིབ་གནང།
དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༣ ཐོག་ཀྲུ་ཀྲིང་གཞིས་ཆགས་ཀྱི་གནད་ཡོད་མི་སྣ་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་བསྐྱངས། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༣།༣༠ ཐོག་ཀྲུ་ཀྲིང་ནས་ཐོན་ཏེ་དགོང་དྲོའི་ཆུ་ཚོད་ ༥ ཙམ་ལ་ཨ་ལོང་(AALONG) འབྱོར། ཕྱི་ཚེས་ ༢༥ སྔ་དྲོའི་ཆུ་ཚོད་ ༤ ཙམ་ལ་ཨ་ལོང་(AALONG) ནས་ཐོན་ཏེ་ (Tinsukia ) ལ་དགོང་དྲོའི་ཆུ་ཚོད་ ༢ ཙམ་ལ་འབྱོར། དེ་ནས་མེའོ་གཞིས་ཆགས་སུ་ཐོན་པའི་ལམ་བར་ (Christ Hospital) ལ་ལྟ་སྐོར་གནང་སྟེ་དགོང་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་མེའོ་གཞིས་ཆགས་སུ་འབྱོར།
དེ་ནས་བཀའ་བློན་མཆོག་ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མེའོ་གཞིས་ཆགས་ཀྱི་འཐུང་ཆུ་ཡོང་ཁུངས་ཀྱི་གནས་སྟངས་གཟིགས་ཞིབ་དང་ལྟ་སྐོར་གནང་གྲུབ་མཚམས་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་མེའོ་མི་མང་ཚོགས་ཁང་དུ་གཞིས་མི་གྲངས་ ༤༥༠ ཙམ་འདུ་འཛོམས་ཐོག་བཀའ་ཤག་སྐབས་བཅུ་བཞིའི་པའི་ལྟ་གྲུབ་གསུམ། ཤེས་ཡོན་གལ་ཆེ་ཡིན་པ་དང་། གཙང་འཕྲོད་ཐད་འཕྲོད་བསྟེན་ལས་ཁུངས་ནས་སྔོན་འགྲོ་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་འགྱུར་གནང་མུས་ཡིན་པ་དང་། འཕྲོད་བསྟེན་ལས་རིམ་གཉིས་པ་དང་། གསུམ་པའི་མཐུན་རྐྱེན་སྐྲུན་ཐབས་སླད་འཕྲོད་བསྟེན་ཉེན་སྲུང་ལྟ་བུའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འགོ་འཛུགས་ཞུས་ཏེ་ལོ་འཁོར་གཅིག་འགྲོ་བཞིན་ཡོད་པའི་ཐོག་མའི་རེ་བ་ལྟར་མང་ཚོགས་ནས་མཉམ་ཞུགས་གནང་མེད་པས། འདི་ཁུལ་གནད་ཡོད་མི་སྣ་ཁག་གི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་མཉམ་ཞུགས་ཐོག་གཞན་མི་མང་རྣམས་ལ་ཡང་གོ་རྟོགས་སྤེལ་སྟེ་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བོད་མི་ནང་ཁུལ་གཅིག་ཕན་གཅིག་གྲོགས་དང་རང་ཁ་རང་གསོ་ཐུབ་པའི་དམིགས་ཡུལ་རླབས་ཆེན་ཡོད་པའི་ལམ་སྟོན་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་མེའོ་གཞིས་ཆགས་ཀྱི་གནད་ཡོད་མི་སྣ་དང་བཞུགས་མོལ་ཚོགས་འདུ་ལྷན་འཛོམས་རྗེས་ལོ་གཞོན་ནད་མནར་གྱི་ཉམ་ཐག་ཁྱིམ་ཚང་གསུམ་གྱི་གནས་སྟངས་གཟིགས་ཞིབ་གནང་ཡོད།
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ ཐོག་མེའོ་ཆོས་འཕེལ་གླིག་གཞིས་ཆགས་ནས་ཐོན་ཏེ་ (Tinsukia) St. Luke’s Hospital སྨན་ཁང་དུ་ལྟ་སྐོར་གྲུབ་མཚམས་རྡིབ་རུ་སྒར་ནས་ལྡི་ལིར་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ ཐོག་ལྡི་ལི་དང་དེ་ནས་རྡ་སར་ཕེེབས་འབྱོར་གནང་ཡོད་པ་བཅས། །