༢༠༡༣ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ གྱི་ལོ་འདི་བོད་ལ་གདུང་སེམས་མཉམ་སྐྱེ་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་བ་ལྟར། ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཡ་མ་ཤི་ཐ་ཀོ་ཡིན་ (Yamashita Koen) དུ་ཉི་ཧོང་དུ་གནས་སྡོད་བོད་རིགས་རྣམས་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་བ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཙོས་ཉི་ཧོང་གི་གཞུང་དང་མི་མང་ངོས་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་བཤད་ཉི་ཧོང་གི་སྐད་དུ་སྒྱུར་བ་དེ་སྒྲོགས་སྦྱང་གནང་གྲུབ་བསྟུན། ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་དབུས་སུ་མང་ཚོགས་འདུ་འཛོམས་མང་པོ་ཡོད་ས་ཤི་བྷུ་ཡ་(Shibuya) དང་ཨ་ཨོ་ཡ་མར་ (Aoyama) ཞི་བའི་རྔམ་སྟོན་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༩ ཉིན་བཀའ་བློན་མཆོག་ཉི་ཧོང་གི་ན་རི་ཏ་གནམ་ཐང་དུ་ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་དྲུང་ཚབ་བཀྲ་ཤིས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་གྲུབ་མཚམས་སྐུ་ཚབ་དོན་ཁང་གི་གོ་སྒྲིག་ཐོག་བཀའ་བློན་མཆོག་ལ་ (Grand Palace Hotel) མགྲོན་ཁང་དུ་ཉི་ཧོང་གནས་སྡོད་བོད་རིགས་རྣམས་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
གཞན་ཡང་བཀའ་བློན་མཆོག་ས་ཨེ་ཊ་མ་སྨན་ཁང་གི་སྨན་པ་ཀི་ཡོ་ཧི་རོ་མ་རུ་ཀི་ལགས་དང་མཇལ་འཕྲད་གནང་སྟེ་སྨན་ཁང་གི་ཚན་པ་འདྲ་མིན་ནང་གཟིགས་སྐོར་དུ་ཕེབས་ཡོད། ཕྱི་ཚེས་ ༡༢ ཉིན་བཀའ་བློན་མཆོག་ཨོ་ས་ཀ་གྲོང་ཁྱེར་དུ་ཁ་བའི་འོག་གི་མེ་ (Fire Under Snow Group For Tibet) ཞེས་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གྲོང་ཁྱེར་གྱི་ས་འཐུས་གཞོན་སྐྱེས་ ༢༠༠ ལྷག་དང་ལྷན་བགྲོ་གླེང་གནང་ཡོད།
དེ་རྗེས་རྒྱལ་སྤྱིའི་བསྟི་གནས་ཁང་(International Center) ཞེས་པར་ཚོང་དཔོན་གཞོན་སྐྱེས་ཁག་གཅིག་དང་དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་ཉིས་བརྒྱ་བརྒལ་བ་འདུ་འཛོམས་ཐོག་བཀའ་བློན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་བོད་ནང་ད་བར་བོད་མི་ ༡༠༧ ནས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཉི་ཧོང་གི་ཆབ་སྲིད་དུས་དེབ་དང། ཚགས་ཤོག བརྙན་འཕྲིན་བཅས་ཀྱི་བཅའ་འདྲི་དང་ལེན་ཡང་གནང་ཡོད་པ་བཅས།།