༢༠༡༣ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་ལོའི་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་ཆབ་སྲིད་ཀྱི་གནད་དོན་ཁག་འཛམ་གླིང་ཡུལ་གྲུ་གང་སར་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཆེད། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༧ ཉིན་བཞུགས་སྒར་ནས་ལྡི་ལིར་ཕེབས་འཐོན་གྱིས་ཕྱི་ཚེས་ ༨ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཡོའི་ན་རི་ཏའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང། ཟུང་དྲུང་བཀྲིས་སྟོབས་རྒྱལ་ལགས་གཉིས་ཀྱིས་ཕེབས་བསུ་ཞུ་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཚེས་ ༩ ཉིན་ཉི་ཧོང་མགྲོན་ཁང་སྙན་གྲགས་ཅན་གྷི་རན་པེ་ལེ་སིའི་ (Grand Palace) མགྲོན་ཁང་གི་ཚོགས་ཁང་ནང་དུ་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༨༠ ནས་ ༡༠༠ བར་འདུ་འཛོམས་བྱུང་སར་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་རྒྱུ་མ་ཟད།
ཕྱི་ཚེས་ ༩ ཉིན་སྔ་དྲོ་ཉི་ཧོང་དུ་གནས་སྡོད་བོད་མི་རྣམས་ཐུག་འཕྲད་གནང་འཆར་ཡོད་པ་དང།
དེ་རྗེས་ཕྱི་ཉིན་གསུམ་བཅུའི་དུས་དྲན་མཛད་སྒོ་ཚོགས་ཡུལ་མི་ཡ་ཤི་ཏ་ཀོན་ (Miyashita Koen) སྐྱེས་མོས་ཚལ་དུ་མང་ཚོགས་འདུ་འཛོམས་སར་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གཏམ་བཤད་དེ་བཞིན་སྐུ་ཚབ་དོན་གཅོད་ཀྱི་ཉི་ཧོང་སྐད་ནང་སྒྲོག་སྦྱངས་གནང་གྲུབ་རྗེས། འཕྲོད་བསྟེན་བཀའ་བློན་མཆོག་དང་གནད་ཡོད་མི་སྣ་ཆེད་ཕེབས་གནང་བ་རྣམས་ཀྱིས་གསུང་བཤད་གནང་རྒྱུ་དང། ཕྱི་དྲོར་གཞུང་ལམ་ཁག་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཀྱིས་ཞི་བའི་སྐད་འབོད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཉི་ཧོང་གི་སའི་ཏ་མ་སྨན་ཁང་ (Saitama Medical Institution) དུ་ཕེབས་ཏེ་སྨན་ཁང་གི་འགན་འཛིན་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། སྨན་ཁང་དུ་འཚམས་གཟིགས་ཡང་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་ཁ་བའི་འོག་གི་མེ་(Fire Under Snow Group For Tibet) ཞེས་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་། སེ་ཕུ་སློབ་གྲྭ་ཆེ་བའི་(Seifu High School Group)འགན་འཛིན་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། གྲོང་ཁྱེར་ཨོ་ས་ཀའི་ (Osaka) ནང་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་སར་གྲོང་ཁྱེར་གྱི་ས་འཐུས་གཞོན་སྐྱེས་མི་སྣ་ཁག་ཅིག་དང་ངོ་སྤྲོད་དང་འབྲེལ། འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང། བཙན་བྱོལ་བོད་མིའི་གཞི་རིམ་འཕྲོད་བསྟེན་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་འཆར་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ཉི་ཧོང་ནས་ལྡི་ལི་དང་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།