༢༠༡༣ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །ཉེ་དུས་ཚོགས་དང་འཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་དང་། དེའི་སྔོན་ཙམ་འཚོགས་ཟིན་པའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་ཆེན་གཉིས་ངོ་བོའི་ཐོག་ནས་བཤད་ན། མང་གཙོའི་སྲིད་སྐྱོང་ལམ་ལུགས་ནང་གི་གྲོས་ཚོགས་གོང་མ་དང་གྲོས་ཚོགས་འོག་མ་ཞེས་པ་ལྟ་བུ་ཞིག་ཡིན་དགོས་ཀྱང་། སྲིད་དབང་བཟུང་མཁན་ཚོགས་པ་གཅིག་གི་གཅིག་བསྡུས་དབང་བསྒྱུར་འོག་སྔ་ས་ནས་གྲོས་ཚོགས་ཀྱི་ནུས་པ་མེད་པ་ཆགས་ཟིན་པ་མ་ཟད། ད་ལྟའི་རྒྱ་ནག་གཞུང་གི་དབང་འཛིན་པ་དང་ཕྱུག་བདག་སོགས་སྐུ་དྲག་གསར་པ་རྣམས་ཀྱི་ལོ་རེའི་འཆར་ཅན་གྱི་འདུ་འཛོམས་མཛད་སྒོ་ཞིག་ཆགས་ཏེ་རྒྱ་ནག་དམར་གཞུང་གི་མང་གཙོའི་སྲིད་དོན་གྱི་རོལ་རྩེད་གཅིག་ཏུ་གྱུར་ཟིན་པ་རེད།
འདི་ལོའི་ཚོགས་ཆེན་གཉིས་མ་འཚོགས་པའི་སྔ་རོལ་དུ་ད་ལྟའི་རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་གིས། རྒྱ་ནག་གུང་ཁྲན་ཏང་གི་ངོས་ནས་བཤད་ན། རྣོ་ངར་ཅན་གྱི་སྐྱོན་བརྗོད་བྱས་པར་བཟོད་བསྲན་བྱེད་ཐུབ་པ་བྱས་ཏེ། ཡོད་ན་ལེགས་བཅོས་དགོས་པ་དང་། མེད་ན་གཟབ་གཟབ་བྱེད་དགོས། ཏང་ཕྱིའི་མི་སྣའི་ངོས་ནས་བཤད་ནའང་སྐད་ཆ་དྲང་གཏམ་ཤོད་ཕོད་པ་དང་རྣ་བར་མི་འགྲོ་བའི་དངོས་དོན་ཡང་ཤོད་ཕོད་པ་བྱས་ཏེ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་འདོན་སྤེལ་ཐུབ་པ་བྱས་ཐོག ཤེས་ཚད་བཤད་དགོས་པ་དང་། བཤད་རྒྱུ་རྫོགས་དགོས་པ་བྱེད་དགོས། རེ་བར་བློ་མཐུན་ཚོས་ཧུར་བརྩོན་ཆེན་པོའི་ངང་གསན་འདེབས་དང་སྐྱོན་བརྗོད་བྱས་ནས་ང་ཚོས་ལྷག་པའི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་རོགས་བྱས་ཏེ་ང་ཚོའི་ལས་དོན་ནང་མ་འདང་བའི་སྐྱོན་རྣམས་སེལ་དགོས། ཞེས་གུ་ཡངས་ཡོད་ཚུལ་གྱི་སྐད་ཆ་འདི་ལྟར་བཤད་ཡོད་སྟབས།
མི་དམངས་ཉིན་རེའི་གསར་ཤོག་ནས་ཀྱང་དེ་མ་ཐག་རྩོམ་ཡིག་སྤེལ་ཏེ། དམངས་གཙོ་ཏང་ཤོག་ཁག་དང་། སྲིད་གྲོས་འཐུས་མི་ཚོས་ཀྱང་སྐད་ཆ་དྲང་པོ་བཤད་པ་དང་གསོལ་འདེབས་ཞུ་བ་ཇུས་ལེགས་པོ་འདོན་སྤེལ་བྱེད་པ་བཅས་ཀྱིས་རྒྱ་ནག་གུང་ཁྲན་ཏང་ལ་སྐད་ཆ་ཁ་རི་ཁ་ཐུག་ཤོད་མཁན་གྱི་གྲོགས་པོ་དང་གཅིག་སེམས་གཅིག་གཏད་ཀྱི་འཐབ་གྲོགས་ཤིག་བྱེད་དགོས་ཞེས་བཤད་ཡོད་པ་རེད། ཞི་ཅིན་ཕིང་གི་འདི་ལྟ་བུའི་བསམ་པ་རྣམ་དག་གིས་བཤད་དོན་དང་། མི་དམངས་ཉིན་རེའི་གསར་ཤོག་གིས་བློས་འཁེལ་བའི་དམ་བཅའ་འདི་ལྟར་བཞག་ཡོད་པའི་དབང་དུ་བཏང་ཡང་། དེ༌ཚོ་དངོས་བདེན་ཡིན་པ་བརྩི་མི་རུང་། སུས་དངོས་བདེན་ཡིན་པ་རྩིས་ན་དེ་ནི་རང་སྔུག་རང་གིས་ཉོས་པ་རང་རེད།
འདི་ལྟར་ཤོད་པ་གང་ཡིན་ཞེ་ན། ལག་ཏུ་ཟོར་བ་ཐོགས་པའི་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ཝང་ཅི་ཧྲན་གྱིས་བཤད་པའི་སྐད་ཆ་ལས་གསལ་པོ་རྟོགས་ཐུབ། སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཝན་ཅི་ཧྲན་གྱིས། མངོན་གསལ་དོད་པོས་རྒྱ་ནག་དབུས་གཞུང་གི་ཐག་གཅོད་བྱས་པ་དང་རྒྱབ་འགལ་སོང་བའི་གཏམ་བཤད་རིགས་རྩ་བ་ནས་བཤད་མི་ཆོག་ཅེས་བཤད་ཡོད་པ་དང་། ད་དུང་ཁོ་པས་འདི་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་། སྲིད་གྲོས་དང་སྲིད་གཞུང་གི་འགན་འཁུར་མི་སྣ་འཕོ་འགྱུར་བརྗེ་ལེན་བྱེད་པའི་ལོ་ཞིག་ཡིན་སྟབས། མི་དོན་ལས་དོན་སྐོར་གྱི་སྒྲིག་ལམ་དང་ལྷག་པར་དུ་མི་སྣ་འཕོ་འགྱུར་བྱེད་པའི་སྒྲིག་ལམ་རྣམས་ནན་བརྗོད་བྱས་འདུག དེར་བརྟེན་མི་སུ་འདྲ་ཞིག་གིས་རྒྱ་ནག་དབུས་གཞུང་དང་ལྟ་བ་མི་མཐུན་པའི་བསམ་འཆར་འདོན་ཚེ་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྣོ་ངར་ཆེ་བའི་ཟོར་བ་དེ་མི་དེའི་ཐོག་དབྱུགས་རྒྱུ་ཡིན་པ་གདོན་མི་ཟ། གང་ཡིན་ཞེ་ན། གུང་ཁྲན་ཏང་གིས་སྔ་ནས་ད་བར་རྩེད་མོ་དེ་རིགས་རྩེ་རྒྱུ་བྱང་གོམས་ཡོད་པ་རེད།
ཞི་ཅིན་ཕིང་གི་གཏམ་བཤད་དང་མི་དམངས་ཉིན་རེའི་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་གཉིས་ཉན་སྐབས་ཧ་ཅང་འདྲ་པོ་ཡོད་ཀྱང་། འདས་པའི་ལོ་རབས་ལྔ་བཅུའི་མཇུག་གི་གསར་ཤོག་རྙིང་པ་རྣམས་ཁ་བསྔོགས་ཏེ་༼མཁས་བརྒྱ་འགྲན་གླེང་༽ཞེས་པའི་ལས་འགུལ་གྱི་སྔ་རྗེས་གནས་ཚུལ་རྣམས་དྲན་གསོ་བྱེད་སྐབས། སྐབས་དེའི་རྒྱ་ནག་དམར་གཞུང་གི་འགོ་གཙོ་མའོ་ཙེེ་ཏུང་གིས་གཏམ་བཤད་དང་མི་དམངས་ཉིན་རེའི་གསར་ཤོག་གི་གླེང་བརྗོད་གཉིས་ད་ལྟ་ནང་བཞིན་གཅིག་པ་གཅིག་རྐྱང་ཡིན་འདུག་ཀྱང་། མཐའ་མ་གཡས་ཕྱོགས་པར་ངོ་རྒོལ་ཟེར་བའི་ལས་འགུལ་སྤེལ་འགོ་ཚུགས་མ་ཐག་གུང་ཁྲན་ཏང་ལ་ཁ་རི་ཁ་ཐུག་གི་བསམ་འཆར་ཤོད་མཁན་གྱི་འཐབ་གྲོགས་ཞེས་པ་ཚང་མར་རྒོལ་རྡུང་བཏང་སྟེ་ལུས་པོ་རྨས་སྐྱོན་གྱིས་ཁེངས་པ་མ་ཟད། ལོ་ཉི་ཤུའི་རྗེས་དག་སེལ་བྱས་དབང་དུ་བཏང་ཡང་མི་དེ་དག་མི་ཤི་ཁྱིམ་སྟོང་དུ་གྱུར་ཟིན་པ་རེད།
ལོ་རྒྱུས་ཀྱི་ཡིད་སྐྱོ་བའི་བསླབ་བྱ་སྔོན་དུ་ཡོད་པ་དང་། ཝང་ཅི་ཧྲན་གྱི་ཟོར་བ་ལག་ཏུ་ཐོག་སྟེ་མི་འཐུས་དང་སྲིད་གྲོས་ཀྱི་འཐུས་མི་རྣམ་ལ་དྲན་སྐུལ་དྲིལ་བརྡ་བཏང་ཡོང་དུས། ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོས་རང་བཞིན་གྱིས་བསམ་ཤེས་ཐོན་ཏེ། སུས་ཀྱང་རང་གི་ལག་ཏུ་ཡོད་པའི་དབང་ཆ་དང་གོ་མིང་། ཚེ་སྲོག་ལ་རྩེད་མོ་རྩེས་ནས་མེད་པ་བཟོ་མི་སྲིད། རྒྱ་ནག་དམར་གཞུང་ནས་ཀྱང་ད་རེས་ཚོགས་ཆེན་གཉིས་ཀྱི་འཐུས་མི་ཞེས་པ་རྣམས་ལ་ཧ་ཅང་བློས་འཁེལ་པོ་ཡོད། གང་ཡིན་ཞེ་ན། ཚང་མ་སོ་སོས་བདམས་པའི་རང་གི་མི་ཁོ་ན་རེད། ཅུང་ཟད་བློ་མི་བདེ་བ་ཁག་གཅིག་ཡོད་པ་དེ་དག་ནི། རྒྱུ་དངོས་ཀྱི་བསླུ་མི་ཐུབ་པ་དང་། བཙན་ཤེད་དང་འཇིགས་སྐུལ་གྱིས་མཉའ་མི་ཆགས་པའི་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་དེ་དག་དེ་སྔོན་ནང་ལྟར་དམར་གསོད་གཏོང་རྐྱང་བྱ་རྒྱུར་དུས་རབས་གྱུར་ཟིན་པར་བརྟེན།
ད་ལྟའི་ཆར་ཁོང་ཚོར་ཁ་གཏད་གཅོག་པའི་ཐབས་ཤེས་ཡག་ཤོས་ནི་བཟང་བཙོན་དུ་བཅུག་ནས་ཕྱིར་མ་གཏང་བར་ཁ་གཏམ་བཅད་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་དེང་དུས་དར་ཁྱབ་ཆེ་བའི་གཞུང་འབྲེལ་མིན་པའི་དམངས་ཁྲོད་ཀྱི་དྲ་རྒྱ་ཡོད་དོ་ཅོག་དམ་བསྒྲགས་བྱས་རྗེས། བརྒྱུད་ལམ་གཅིག་ལས་ལྷག་མེད་པ་དེ་ནི་གུང་ཁྲན་ཏང་ལ་ག་དུས་ཡིན་ནའང་བསྟོད་གླུ་ལེན་ཞིང་མ་བྱས་བྱས་ཚུལ་གྱི་རྫུན་གཏམ་ཤོད་རྒྱུར་བྱང་གོམས་པའི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་དེ་དག་གིས་རང་གི་མང་ཚོགས་མུ་མཐུད་མགོ་རྨོངས་སུ་འཇུག་རྒྱུ་དེ་ཡིན།
ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོས་རྒྱལ་ཁབ་ཀྱི་དོན་ཆེན་ལ་གྲོས་ཐག་བཅད་པ་ཟེར་བ་དེ་ནི་རྫུན་རྒྱན་སྤྲས༌ཤིང་ཟོལ་སྤྱོད་བྱེད་པ་ཙམ་ཞིག་ཡིནའང་འཐུས་མི་ཚོའི་གསེར་དངུལ་གྱི་འདུས་ཚད་ནི་མིང་དོན་མཚུངས་ཤིང་། རྒྱུ་གཙང་སྤུས་གཙང་གིས་གསེར་དངུལ་ལས་གྲུབ་པའི་ཕྱུག་བདག་ཞག་རྩི་ཁོག་ཁོག་རེད། འདི་ལྟར་བརྗོད་དགོས་དོན་གང་ཡིན་ཞེ་ན། ཨ་རིའི་གསར་ཁང་ཞིག་གིས་ཚོགས་ཆེན་གཉིས་མ་འཚོགས་གོང་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་ཚོགས་ཆེན་གཉིས་ཐོག་མི་རྣམས་ཀྱིས་ཕྱུག་བདག་གི་འཐུས་མི་ཇེ་མང་དུ་འགྲོ་བ་མཐོང་རྒྱུ་འདུག
ཕྱི་ལོ་ ༢༠༡༡ ལོའི་ཚོགས་ཆེན་གཉིས་ནང་འཐུས་མི་གྲངས་ ༧༠ རྒྱབ་ཕྱོགས་སུ་རྒྱ་སྒོར་དུང་ཕྱུར་ ༥༦༥༨ ལྷག་ཡོད་པའི་རྒྱུ་ནོར་དེ་དག་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཆེས་མཐོའི་ཁྲིམས་དཔོན་སྲིད་འཛིན་སོགས་ཨ་རིའི་ཕོ་བྲང་དཀར་པོའི་ནང་བློན་ཚང་མའི་རྒྱུ་ནོར་གྱི་བསྡོམས་གྲངས་ལས་ལྡབ་ ༡༠ མང་བ་ཡོད་སྟབས། ཚོགས་ཆེན་གཉིས་ཀྱི་འཐུས་མི་རྣམས་མིང་དོན་མཚུངས་པའི་༼དཔོན་རིགས་དང་བཟོ་ཚོང་ལས་རིགས་ཀྱི་༽ཕྱུག་བདག་གི་འཐུས་མི་ཞིག་ཏུ་གྱུར་ཡོད། འཐུས་མི་དེ་དག་གིས་ཚོགས་ཆེན་གཉིས་ནང་གི་ནུས་པ་སྟོན་སྟངས་ལ་ལྟས་ན། དངོས་གནས་མི་དམངས་འཐུས་མི་ཟེར་བ་ནི་གུང་ཁྲན་ཏང་གི་འདོད་པ་ལྟར་ལག་པ་རྐྱོང་མཁན་གྱི་ཀླད་པ་མེད་པའི་འོས་འཕེན་འཕྲུལ་ཆས་ཤིག་དང་འདྲ་བར་རྒྱ་ནག་མི་དམངས་དང་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་མཁན་གྱི་རྒྱན་ཆ་ཞིག་ཡིན་པ་ད་རེས་རྒྱ་ནག་རྒྱལ་ཡོངས་མི་འཐུས་ཚོགས་ཆེན་གྱི་འཐུས་མི་རྒན་གཞོན་གཉིས་ནས་གསལ་པོ་མངོན་ཐུབ་ཀྱི་འདུག
དེ་ཡང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྒན་ཤོས་ནི། འདི་ལོ་ལོ་༨༢ སླེབས་པའི་ཧྲན་ཞི་ཞིང་ཆེན་ཕིང་ཧྲུན་རྫོང་གི་ཤི་ཀའུ་གྲོང་སྡེའི་དམར་ཤོག་དྲུང་ཆེ་གཞོན་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་བེུད་ངལ་རྩོལ་དཔེ་བཟང་བ་ཧྲེན་ཅིས་ལན་རེད། ཁོ་མོ་ཕྱི་ལོ་ ༡༩༥༤ ལོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་འདེམས་བསྐོ་བྱས་ནས་ད་བར་མུ་མཐུད་སྐབས་བཅུ་གཅིག་གི་འཐུས་མི་བྱས་པ་དེ། སྔར་བྱུང་མྱོང་མེད་ལ་སླད་འོང་མི་སྲིད་པའི་དུས་རབས་ཅན་གྱི་མི་དམངས་འཐུས་མི་ཞིག་རེད། ཁོ་མོའི་གྲགས་ཅན་གྱི་གཏམ་ཞིག་ཡོད་པ་དེ་ནི། འཐུས་མི་ཞིག་བྱས་ཚར་བའི་རྗེས་ལ་ཏང་གི་ཁ་ལ་ཉན་དགོས་ཞེས་པ་དེ་རེད། མོས་གུང་ཁྲན་ཏང་ལ་ཧ་ཅང་བརྩི་སྲུང་ཞུ་བཞིན་ཡོད་པས་ད་བར་མི་ ༥༥ ནང་མོས་ངོ་རྒོལ་བྱེད་པའི་འོས་ཤོག་གཅིག་རྐྱང་འཕེན་མྱོང་མེད།
དེའི་སྐོར་རྒྱ་ནག་གི་དྲ་རྒྱ༌ཁག་གི་ནང་འཁོད་པའི་མོས་འཐུས་མིའི་འགན་འཁྱེར་ཚུལ་རོབ་ཙམ་གླེང་ན་མོས་གུང་ཁྲན་ཏང་གིས་གཡས་ཕྱོགས་པར་ངོ་རྒོལ་དང་། རིག་གནས་གསར་བརྗེ་སོགས་རང་སྣང་གང་དྲན་དང་ཁྲིམས་མེད་ལུགས་མེད་ཀྱིས་མི་གསོད་ཁྲག་སྦྱོར་གྱི་གདུག་རྩུབ་ལས་འགུལ་སྤེལ་བ་ཚང་མར་བརྩི་བཀུར་ཞུས་ཡོད་པ་དང་། ལིའུ་ཧྲའོ་ཅི་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོས་པ་དང་ཡང་ཁོ་པ་གོ་གནས་ཕབ་སྟེ་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་བྱས་པར་བརྩི་སྲུང་ཞུས་པ་མ་ཟད། ཧུ་ཡའོ་ཕང་དང་ཀྲའོ་ཙེ་ཡང་སོགས་གུང་ཁྲན་ཏང་གི་དགོས་དབང་ལྟར་ཡར་བསྐོས་པ་དང་ཡང་མར་ཕབ་ནས་བཙོན་འཇུག་བྱས་པ་ཚང་མར་ལེགས་ཉེས་དབྱེ་བ་མེད་པར་ཏང་གི་བཀོད་པར་ཉན་ཏེ་ལག་པ་བརྐྱང་བརྐྱང་བྱེད་མཁན་གྱི་ཀླད་མེད་འོས་འཕེན་གྱི་འཕྲུལ་ཆས་གསོན་པོ་ཞིག་བྱས་ཡོད།
དེ་ནས་འཐུས་མིའི་ནང་ནས་ལོ་ཆུང་ཤོས་ཡིན་པ་རང་ལོ་ ༢༠ སོན་པའི་པེ་ཅིན་ཨོ་གླིང་འགྲན་ཚོགས་སྐབས་ཆུ་མཆོངས་རྒྱག་མཁན་ཨང་དང་པོ་འཐོབ་མཁན་གྱི་ཁྲེན་རོ་ལིང་རེད། ཁོ་མོས་རང་ཉིད་མི་དམངས་འཐུས་མི་ཆགས་པ་ཤེས་རྟོགས་བྱུང་སྐབས་ཡུད་ཙམ་རིང་དཀའ་ངལ་དང་ཡ་མཚན་སྐྱེས་ཏེ། མོས་རང་ཉིད་འཐུས་མི་ག་དུས་ཆགས་ཟིན་པ་རྩ་བ་ནས་མི་ཤེས་པ་མ་ཟད། མི་དམངས་འཐུས་མིས་ལས་ཀ་ག་རེ་བྱ་དགོས་མིན་ཡང་ཤེས་རྟོགས་མེད་ན། མོ་དང་མོ་འདྲ་བའི་མི་རིགས་ ༥༦ གི་ཆས་གོས་གཟབ་འཕྱོར་སྤྲད་པའི་མི་ག་ཚོད་དང་ག་ཚོད་འཐུས་མི་ཆགས་ནས་ཚོགས་འདུའི་སྐབས་ལག་པ་བརྐྱང་སྟེ། བཟང་ངན་དབྱེ་བ་མེད་པར་ཚེ་གང་རིང་ཏང་གི་བཀོད་པ་ཉན་ནས་སྡོད་མཁན་དེ་དག་གིས་མི་དམངས་ཀྱི་འཐུས་མིའི་མིང་འཁྱེར་ནས་མི་དམངས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ག་རེ་འདོན་ཐུབ་ཀྱི་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་ཞེས་པ་ལྟར་རོ།
མདོར་ན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞེས་སྲིད་གཞུང་བཅས་ཚང་མ་རྒྱ་ནག་དམར་ཤོག་ཚོགས་ཆེན་ནང་སྔོན་དུ་གཏན་འཁེལ་བྱས་ཟིན་པའི་ལས་དོན་དང་འགན་འཁུར་མི་སྣའི་གྲུབ་ཆ་ཆད་ལྷག་མེད་པར་ཕྱི་ཚུལ་རྣམ་པ་ཙམ་གྱིས་ཚོགས་ཆེན་གཉིས་ནང་འཁྱེར་ཡོང་ནས་བགྲོ་གླེང་བྱེད་ཚུལ་དང་འོས་འཕེན་འཕྲུལ་ཆས་གནན་པ་འམ་ལག་པ་བརྐྱངས་ནས་འདེམས་བསྐོ་བྱེད་ཁུལ་ཡང་། དོན་དུ་ད་ལྟའི་རྒྱ་ནག་གཞུང་གི་དབང་འཛིན་པ་དང་ཕྱུག་བདག་སོགས་སྐུ་དྲག་གསར་པ་རྣམས་ཀྱི་ལོ་རེའི་འཆར་ཅན་གྱི་འདུ་འཛོམས་མཛད་སྒོ་ཞིག་ཆགས་ཏེ་རྒྱ་ནག་མི་དམངས་མགོ་རྨོངས་སུ་འཇུག་པའི་མང་གཙོའི་སྲིད་དོན་གྱི་རོལ་རྩེད་ཅིག་ལ་གྱུར་ཟིན་པ་གསལ་པོ་རེད།
རྒྱ་ནག་དང་བོད་ནང་འགྱུར་བ་འགྲོ་རྒྱུའི་རེ་བ་ནི་རེ་བ་རང་ཡིན་པ།
དེ་ནས་གོ་སྐབས་དེ་དང་བསྟུན་གསལ་སྟོན་བྱེད་དགོས་པ་ཞིག་ལ་རྒྱ་ནག་དང་བོད་དོན་སྐོར་དོ་སྣང་ཅན་མང་པོ་ཞིག་གིས་ད་རེས་ཀྱི་ཚོགས་ཆེན་གཉིས་ནང་ཏང་སྲིད་དམག་གསུམ་གྱི་འགན་འཁུར་མི་སྣ་མང་ཆེ་བ་འགྱུར་བ་འགྲོ་ཡི་ཡོད་པར་བརྟེན། རྒྱ་ནག་དང་བོད་ཀྱི་འབྱུང་བའི་སྐོར་གླེང་སློང་འདྲ་མིན་ཡོང་གི་ཡོད་པའི་སྐབས་དེར་ཁོ་བོའི་མཐོང་ཚུལ་ཞིག་ཀྱང་གླེང་འདོད་བྱུང་།
ཚོགས་ཆེན་གཉིས་ཀྱི་རྗེས་སུ་རྒྱ་ནག་གཞུང་གི་ལོ་བཅུའི་ནང་ཐེངས་གཅིག་ཏང་སྲིད་དམག་གསུམ་གྱི་འགོ་གཙོ་ཁག་སྔོན་ནས་གཏན་འབེབས་བྱས་པ་ལྟར་བརྗེ་ལེན་འཕོ་འགྱུར་བཏང་ཟིན་པ་བཞིན། ཞི་ཅིན་ཕིང་དང་ལི་ཁེ་བྱང་གཉིས་ཀྱིས་གཙོ་བོ་བྱེད་པའི་འགོ་ཁྲིད་གསར་པ་དེ་དག་གིས་འབྱུང་འགྱུར་གྱི་ལོ་ལྔའི་ནང་སེམས་ནུས་ཆེན་པོ་དང་ཞིབ་ཁྲའི་བྱ་ཐབས་ལ་བརྟེན་ནས་གཞི་རྒྱ་ཆེ་ཞིང་དཀའ་རྙོག་ཆེ་བའི་ལྐོག་ཟ་རུལ་སུངས་ཀྱི་དཔོན་ངན་འགོག་གནོན་དང་གྲོང་ཁྱེར་་དང་གྲོང་གསེབ་དབར་དང་ནང་ས་དང་མཐའ་མཚམས་ས་ཁུལ་དབར་དབུལ་ཕྱུག་གི་བརཁྱད་ཆེན་པོ་ཡོད་པ་གཉིས་ཆུང་དུ་གཏོང་རྒྱུའི་ཁས་ལེན་མངོན་གྱུར་ཡོང་བ་གཙོ་གཉེར་བྱ་རྒྱུ་ལས་རྙོག་འཛིངས་ཆེ་བའི་ཆབ་སྲིད་ཐད་ཀྱི་འགྱུར་བ་གཏོང་རྒྱུ་མིན་པ་ནི་སྔོན་དཔག་བྱེད་ཐུབ།
གང་ཡིན་ཞེ་ན། རྒྱ་ནག་སྤྱི་ཚོགས་ཞིབ་འཇུག་ཁང་གི་ལོ་རྒྱུས་སྨྲ་བ་མ་ཡུང་གིས། མི་ཚང་མས་བསྒྱུར་བཅོས་གཏོང་དགོས་སྐོར་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་མི་ཚང་མ་བསྒྱུར་བཅོས་གཏོང་རྒྱུར་འཇིགས་སྣང་སྐྱེས་ཀྱི་ཡོད་ཅེས་བཤད་པ་ལྟར། ད་ལྟའི་འགོ་ཁྲིད་གསར་པ་དེ་དག་གིས་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡར་རྒྱས་གཏོང་བ་དང་དུས་མཚུངས་སྤྱི་ཚོགས་ཞི་ལྷིང་ཡོང་ཐབས་གཙོ་བོའི་ནང་གི་གཙོ་གནད་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི། ཞི་ཅིན་ཕིང་གིས་ཉེ་ཆར་རྒྱ་ནག་དབུས་གཞུང་གི་ཏང་གི་སློབ་གྲྭར་གཏམ་བཤད་སྤེལ་སྐབས། དེ་སྔའི་ཨུ་རུ་སུ་དམར་ཤོག་རྩ་མེད་ཕྱིན་པའི་བསླབ་བྱ་བླངས་ཏེ། མི་འབོར་ས་ཡ་གཉིས་དང་འབུམ་སུམ་ཅུ་ཡོད་པའི་རྒྱ་ནག་གི་དམག་དཔུང་སྔ་བར་ཕྱིས་གསུམ་དུ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཤར་སྐྱོད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
དེ་དང་ཆབས་ཅིག་ཁོ་པས་དེ་སྔའི་ཨུ་རུ་སུ་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་གྷོ་པ་ཅོབ་ཀྱིས་ཨུ་རུ་སུ་དམར་ཤོག་ད་ནས་བཟུང་མེད་པ་བཟོས་པ་ཡིན་ཞེས་སྐད་ཤུགས་ཆུང་ཆུང་གཅིག་གིས་ཁྱབ་བསྒྲགས་བྱས་རྗེས། ཏང་ཤོག་ཆེན་པོ་འདི་ལྟ་བུ་ཞིག་མེད་པ་ཆགས་དུས། ཡར་དོན་ཡོང་ནས་ངོ་རྒོལ་བྱེད་མཁན་སྐྱེས་པ་ཕོ་གཅིག་བྱུང་མེད་ཅེས་བཤད་ཡོད་པ་དེ་ནས་ཞི་ཅིན་ཕིང་ཁོ་རང་རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་སྲུང་མཁན་གྱི་ལྷ་སྲུང་ལྟར་ཡིན་པ་བསྟན་ཡོད་སྟབས། ད་ལྟའི་རྒྱ་ནག་གཞུང་གིས་ལོ་ཤས་ནང་ཆབ་སྲིད་ཐད་འགྱུར་བ་གཏོང་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད་ཅེས་བཤད་ཆོག།
དེ་ནས་བོད་ཀྱི་མདུན་ལམ་སྐོར་གླེང་ནའང་གཏམ་སྙན་པ་ཞིག་མེད་པ་ནི་ཧ་གོ་དོན་གསལ་རེད། ཚང་མས་མཁྱེན་གསལ་ལྟར་བར་ལམ་ནས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ལམ་རྒྱ་ནག་གཞུང་ཕྱོགས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་འོག་ཆད་པ་དེ་སླར་གསོ་འོང་རྒྱུར་ད་ལྟའི་སྐབས་གསར་པའི་རྒྱ་ནག་གི་དཔོན་རིགས་གསར་པ་ཟེར་བ་དེ་དག་གིས་བོད་ལ་འཛིན་པའི་ལངས་ཕྱོགས་སྲིད་བྱུས་ལ་ལྟ་དགོས་པ་ལྟར་སྲིད་བྱུས་བཟུང་མཁན་གྱི་མི་སུ་དང་སུ་ཡིན། ཁོང་ཚོའི་འབྲེལ་ཆགས་ཀྱི་ལས་གནས་ག་རེ་ཟིན་ཡོད་པ་དང་སྡེ་ཚན་ག་རེ་ཡིན་པ་ལྟ་དགོས་དུས། ད་ལྟའི་ཆར་བོད་རྒྱ་འབྲེལ་མོལ་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ནི། རྒྱ་ནག་གཞུང་གི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཆབ་སྲིད་ཅུས་ཀྱི་ཁྱབ་ཁོངས་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཡིན་པ་དང་། ལས་ཁུངས་དེའི་སྲིད་འཛིན་འགྲོ་ལུགས་ལྟར་ཐད་ཀའི་གོང་རིམ་ནི། རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་པ་དེ་ཡིན།
ད་རེས་གསར་དུ་འདེམས་བསྐོ་བྱུང་བའི་སྲིད་གྲོས་ཀྱི་ཚོགས་གཙོ་ཡུས་ཀྲེང་ཧྲན་གྱིས་སྲིད་གྲོས་ཚོགས་ཆེན་མཇུག་བསྒྲིལ་ཚོགས་འདུའི་ཐོག་ཁོ་པའི་ཚོགས་གཙོའི་གཏམ་བཤད་དང་པོ་དེ་སྤེལ་སྐབས། སྔ་བར་ཕྱིས་གསུམ་དུ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་རྩ་བ་ཉིད་ནས་ཞྭ་དཔེ་ལྷམ་འགེབས་བྱེད་ཀྱི་མིན་ཞེས་མགྲིན་པ་མཐོན་པོས་བསྐྱར་བཤད་བྱས་ཡོད་པ་དེ་ནས་ཁོའི་རྩ་བའི་ལངས་ཕྱོགས་ག་རེ་ཡིན་པ་གསལ་པོ་བསྟན་འདུག
སྲིད་གྲོས་ཀྱི་ཚོགས་གཞོན་ཁོངས་སུ་འདེམས་བསྐོ་བྱུང་བ་མི་གྲངས་ ༢༣ ཡོད་ཁོངས་ནས་བོད་དོན་དང་འབྲེལ་ཆགས་མི་སྣ་གལ་ཆེ་འགའ་ཤས་ཡོད་པ་སྟེ། ད༌ལྟའི་སྲིད་གྲོས་ཚོགས་གཞོན་ཨང་དང༌པོར་བསྐོས་པ་ ༼དེ་སྔའི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་༽ཏུ་ཆིང་ལིང་དང་། ཚོགས་གཞོན་ཨང་གཉིས་པ་ ༼ད་ལྟའི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་༽ རླིང་ཅི་ཧྭ། ད་ལྟའི་སྲིད་གྲོས་ཀྱི་ཚོགས་གཞོན་གྱི་གྲས་སུ་བསྐོས་པ་༼དེ་སྔའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་༽ཀྲང་ཅིང་ལིང་དེ་ནས་སྲིད་གྲོས་རྒྱུན་ལས་ནང་ད་ལྟའི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེན་ཆོན་ཡོད་འདུག༌པ་བཅས་གོང་གསལ་མི་དེ་དག་ནི་ད་ཕན་བོད་ནང་དྲག་གནོན་གྱི་སྲིད་བྱུས་འཛིན་དགོས་པའི་ལངས་ཕྱོགས་བཟུང་མཁན་གཙོ་བོ་རྣམས་ཡིན་པ་མ་ཟད།
ཀྲུའུ་ཝེན་ཆོན་དང་ཀྲང་ཅིང་ལིང་གཉིས་ནི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་མཁན་གཙོ་གྲས་ཡིན་སྟབས་མི་དེ་དག་གིས་འགོ་བྱས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཁུངས་མིང་འཁུར་འོག་ད་ལྟའི་བོད་ནང་གི་གནས་སྟངས་ཞི་འཇམ་འོང་རྒྱུས་མཚོན་པའི་བོད་རྒྱ་འབྲེལ་མོལ་ཐད་འགྱུར་བ་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུར་མཐོང་ངོ་མི་ཁག་གཅིག་གིས་ད་རེས་རྒྱ་ནག་རྒྱལ་ཡོངས་མི་འཐུས་ཀྱི་ཚོགས་གཞོན་གྲས་སུ་༼རག་སྡིས་རྒས་ཡོལ་སོང་བའི་ཚབ་༽བྱམས་པ་ཕུན་ཚོགས་གསར་དུ་བསྐོས་པ་དང་རྒྱུན་ལས་ཁོངས་སུ་པདྨ་འཕྲིན་ལས་བསྐོས་པ། དེ་མིན་སྲིད་གྲོས་ཀྱི་ཚོགས་གཞོན་ཁོངས་སུ་བོད་མི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རྒྱུན་ལས་ཁོངས་སུ་སྒྲུབ་ཁང་ཐུབ་བསྟན་ཉི་མ་བསམ་ལྡིང་རྡོ་རྗེ་འཕགས་མོ། པཎ་ཆེན་ཡང་སྲིད་ཡིན་ཟེར་བའི་རྒྱལ་མཚན་ནོར་བུ་བཅས་འདེམས་བསྐོ་བྱས་འདུག་པས།
བོད་མི་དེ་ཚོས་བོད་དོན་ཐོག་ཕན་ནུས་འཐོན་གྱི་མ་རེད་དམ་ཞེས་དྲི་བ་འདོན་ཆོག་ཀྱང་། བོད་མི་དེ་དག་གིས་རང་གི་ད་ཡོད་ཁེ་ཕན་དང་གོ་མིང་ཁོ་ནར་བལྟས་ཏེ། ཚོགས་འདུའི་སྐབས་ལག་པ་བརྐྱང་སྟེ། ཚེ་གང་རིང་ཏང་གི་བཀོད་པ་ཉན་སྡོད་མཁན་གྱི་བོད་མིའི་མིང་ཙམ་ལས་བོད་དང་བོད་མིའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་རྒྱུའི་ཚབ་ཏུ་རང་མགོ་ཆུ་འདྲེན་གྱིས་རོ་ས་འོག་ལ་སོང་ཡང་གཏམ་ས་སྟེང་དུ་ལུས་པའི་དཔེ་ལྟར་ཡོང་དང་ཡོང་བཞིན་པ་ནི་མཐོང་ཆོས་སུ་ཡོོད་པ་ལྟར་རོ།
བཞུགས་སྒར་རྡ་ས་ནས། ༢༠༡༣། ༣། ༡༤། ལ།། །།