༢༠༡༣ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བཀའ་ཤག་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩ་དང་། བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གསུམ་གྱི་འགན་འཛིན་ལྷན་ཚོགས་བསྐྱངས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༢ པ་བསྐྱངས་ཏེ་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ནང་སྔ་ལོའི་གྲོས་ཆོད་ཁག་ལ་ཐུགས་ཞིབ་དང་། ཕྱི་ལོ་ ༢༠༡༣།༡༤ ལོའི་སྔོན་རྩིས་བཀའ་འཁྲོལ་དང་དེ་བཞིན་སྤྱི་ཚོགས་དང་འབྲེལ་བའི་ལས་འཆར་ཁག་གི་ཐོག་བཀའ་བསྡུར་སྦྱང་བཤད་གནང༌།
དེ་རྗེས་ཆུ་ཚོད་ ༡༡ ཐོག་བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༤ པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ལྷན་ཚོགས་བསྐྱངས་ཡོད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཚོགས་པའི་ཚོགས་གཞོན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས༌ལགས། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ཤེས་རིག་དྲུང་ཆེ་སྟོབས་རྒྱས་ཚེ་རིང༌ལགས། དཔལ་འབྱོར་ཟུང་དྲུང་དཔེ་ཟུར་དབང་འདུས་ཚེ་རིང་ལགས་བཅས་ནས་མཉམ་ཞུགས་གནང་ཡོད། ཆུ་ཚོད་ ༡༢།༠༠ ཐོག་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༠༦ པ་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་བཀའ་བློན་མཆོག རྒྱ་གར་མཁས་དབང་ཀིརི་ཤི་ན་ནཐ་མཆོག སྐུ་སྒེར་དྲུང་ཆེ་བྲེ་སང་ཚེ་རིང་མཆོག་བཅས་ལྷན་འཛོམས་ཀྱིས་ཡིད་ཆེས་དགེ་རྩའི་ལས་དོན་མཐའ་དག་ལ་ཐུགས་ཞིབ། ཕྱི་ལོ་ ༢༠༡༣།༡༤ ལོའི་སྔོན་རྩིས་བཀའ་འཁྲོལ་དང་སྤྱི་ཚོགས་ངལ་སྐྱོབ་དང་འབྲེལ་བའི་ལས་གཞི་མང་དག་ཐོག་བཀའ་བསྡུར་དང་གྲོས་ཆོད་འཇོག་གནང་མཛད་དེ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་རྒྱལ་ཁའི་མཇུག་སྒྲིལ་གནང་ཡོད་པ་བཅས། །