༢༠༡༣ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །འདི་ལོའི་གསུམ་བཅུའི་དུས་དྲན་ནས་ལོ་གཅིག་རིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་འཛུལ་ཞུགས་ཀྱི་ཕྱག་འཁྱེར་གཟིགས་མི་དགོས་པ་དང། དེ་སྔ་འགྲེམས་སྟོན་ཁང་ནང་འཛུལ་ཞུགས་ཆེད་སྟོང་མིན་ཙམ་ཕྱག་འཁྱེར་ལ་ཧིན་སྒོར་ ༥ རེ་འབུལ་དགོས་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ ལོ་འདི་བཞིན་བོད་མིའི་གདུང་སེམས་མཉམ་སྐྱེ་དང་། བོད་དོན་དྲིལ་བསྒྲགས་ཀྱི་ལོ་ཞིག་ཏུ་ངོས་འཛིན་ཞུ་རྒྱུའི་གསལ་བསྒྲགས་སྔོན་ཟིན་དང་སྟབས་བསྟུན། འདི་ལོའི་ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ བར་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་བཅར་བ་གང་མང་ཕེབས་ཐུབ་སླད་རིན་མེད་ཀྱི་མཐུན་འགྱུར་གོ་སྒྲིག་ཞུས་པ་ཞིག་ཡིན། ང་ཚོས་གཟིགས་བཅར་བ་གང་མང་ཕེབས་རྒྱུར་རེ་བསྐུལ་ཡང་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།
དེ་ཡང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་འདི་ནི་ཕྱི་ལོ་ ༡༩༩༨ ཟླ་བ་ ༦ ཚེས་ ༢༢ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་རྒྱུ་དང་། བོད་ཕྱི་ནང་གཉིས་ཀྱི་སྔ་ཕྱིའི་གནས་སྟངས་དང་ལོ་རྒྱུས་སོགས་ཕྱི་རྒྱལ་ཡུལ་སྐོར་བ་དག་ལ་གོ་རྟོགས་སྤེལ་སླད་ཚོང་འབྲེལ་ཁེ་མེད་ཐོག་ཆེད་བཙུགས་ཞུས་པ་ཞིག་ཡིན།
འགྲེམས་སྟོན་ཁང་འདིའི་ནང་བོད་དེ་རྒྱ་ནག་གིས་བཙན་བཟུང་ཇི་ལྟར་བྱས་ཚུལ་དང་། སྐབས་དེའི་སྔ་ཕྱིའི་གནས་སྟངས་རྣམས་༼ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བྱེད་པ།༽ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེལ་བཤད་དང་བཅས་པ་གཏན་འཇགས་འགྲེམས་སྟོན་དང། རྒྱ་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཚུལ་གསལ་སྟོན། དེ་བཞིན་ཉིན་ལྟར་བོད་དོན་དང་འབྲེལ་བའི་གློག་བརྙན་ཁག་མི་འདྲ་བ་མང་པོ་གཟིགས་འབུལ་ཞུ་བཞིན་ཡོད།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་བ་ ༣ ཚེས་ ༧ ཉིན།