༢༠༡༣ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་ཀྱི་ཟློས་གར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་ཟློས་གར་ཚོགས་པའི་ལྷ་དགེ་ནོར་བུ་ཚེ་རིང་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༡༢ ཐོག་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས། བོད་ཀྱི་ཟློས་གར་ལྷ་མོའི་སྒྱུ་རྩལ་གྱི་སློབ་སྟོན་པ་ནོར་བུ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་དཔལ་གྱི་ཆོས་འཁོར་ལྷ་སར་རིག་རྩལ་མཁས་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང༌། རང་ལོ་བརྒྱད་ནས་རྭ་སྒྲེང་རྒྱལ་ཐོག་སྐབས་ཐོག་མར་ཁྱེའུ་པདྨ་འོད་འབར་གྱི་ལྷ་གཞུང་ནང་གུ་རུ་དབུ་རྒྱན་རིན་པོ་ཆེའི་དོན་ཆ་འཁྲབ་ཡོད། རང་ལོ་དགུ་ནས་སྐྱོར་མོ་ལུང་པའི་ཨ་ཅེ་ལྷ་མོའི་སྒྲིགས་ཁོངས་སུ་ཞུགས་ཏེ་ཞོ་སྟོན་སྐབས་ལྷ་སྲས་རྒྱལ་པོ་སོགས་ལོ་ན་ཆུང་བའི་དོན་ཆ་ཁག་འཁྲབ་སྟོན་གནང་བ་དང༌།
རྣམ་ཐར་འགོ་འཛུགས་སྐབས་སྐད་སྟོང་ལཱ་ཟེར་ལེན་པར་བརྟེན་མིང་དོགས་ལཱ་བ་” ཞེས་ཐོགས། ཁོང་ལ་རྣམ་ཐར་དང་པོ་སློབ་འཁྲིད་གནང་མཁན་སྐྱོར་མོ་ལུང་གི་རྒྱ་ལུ་ཚེ་བརྟན་ལགས་ཡིན་པ་མ་ཟད། སྐྱོར་མོ་ལུང་གི་ཨ་མ་དྭངས་བཟང་། མིག་དམར་རྒྱལ་མཚན། མཚེ་མ་རྒན་པ། རིག་པ། བཀྲིས་སོགས་དགེ་རྒན་མང་པོའི་སྒྱུ་རྩལ་གྱི་རྒྱུན་བཟང་ལྡན་པའི་ལྷ་མོ་ཚོགས་པའི་ནང་རྒྱ་ལུ་ཚེ་བརྟན། རྒྱ་ལུ་ལྷུན་གྲུབ། ཨ་ཁུ་སྟོན་པ། ཨ་མ་ཚེ་རིང། ལེགས་ལྡན་སྤོ་བོ། ཟབ་རྡུང་ལྷ་དབང་དངོས་གྲུབ། བསྟན་པ་ལགས། སྤོ་སྤོ་དཀོན་མཆོག བསྟན་འཛིན་སྐལ་བཟང། ཨོ་ལོ་ཆུང་ཆུང་། བུ་ཨ་ནན། ཕུར་བསམ་སོགས་མཉམ་དུ་ཕྱི་ལོ་ ༡༩༥༩ གོང་རང་ལོ་བཅུ་དྲུག་ནས་མོ་འཁྲབ་གཙོ་བོར་གྱུར་བའི་འགོ་རྔོན་པའི་འདོན་ནས་མཇུག་བཀྲ་ཤིས་བར་དུ་འཁྲབ་སྟོན་པའི་ལས་འགན་ཐེག་པ་རིམ་འཛེགས་བཞེས་མྱོང་ཡོད་པ་མ་ཟད། ནོར་གླིང་སྡིངས་ཆའི་སྒང་འཁྲབ་སྟོན་ལན་མང་ཞུས་མྱོང་ཡོད་པའི་གལ་ཆེའི་མི་སྣ་དང་། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་དང་བསྔགས་བརྗོད་ཚད་མེད་ཐོབ།
རང་ལོ་ཉི་ཤུ་རྩ་གཅིག་སྐབས་བོད་གཞུང་གི་བཀའ་འབྲེལ་ལྟར་ཀ་ལོན་སྦུག་ཏུ་ཞབས་བྲོ་སྦྱང་བརྩོན་ཞུས་ཏེ་སྐྱོར་མོ་ལུང་པ་ཨ་ཅེ་ལྷ་མོའི་སྲུབ་འཇུག་ཏུ་བཅུགས་པར་གཟིགས་མོ་བ་ཚོ་ཧ་ཅང་དགའ་མོས་བྱུང་བ་རེད། རང་ལོ་ཉི་ཤུ་རྩ་བཞིའི་སྐབས་བོད་གཞུང་གི་བཀའ་འབྲེལ་ལྟར་བོད་ཀྱི་ལྷ་མོའི་ཟློས་གར་གྱི་ཁོངས་སུ་ཞུགས་ནས་རྒྱ་བོད་འབྲེལ་ལམ་ཆེད་པེ་ཅིན་དུ་བསྐྱོད་དེ་འཁྲབ་སྟོན་གནང་བ་དང་སྦྲགས་རྒྱ་མིའི་གཙོ་འཛིན་མའོ་ཙེ་ཏུང་གིས་གཙོས་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱང་གནང་མྱོང་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་གིས་ལག་ཏུ་མེ་མདའ་བཟུང་ནས་བཙན་རྒྱལ་རྒྱ་མིར་རྒོལ་འཛིང་གནང་བས་མཐར་རྒྱ་མིས་གསོན་བཟུང་གིས་རྔ་ཆེན་གློག་ཁང་གི་བཙོན་རར་བཅུག་ནས་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་བཏང་ཡོད།
ཕྱི་ལོ་ ༡༩༦༡ ལོར་ཁོང་གི་བཟའ་ཟླ་བལ་པོའི་མི་སེར་ཡིན་པའི་ལག་དེབ་ཐབས་ཤེས་ཀྱིས་བཙོན་ཁང་ནས་བཏོན་ཐུབ་པ་མ་ཟད་ཀ་ལོན་སྦུག་ཏུ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་ཡོད། ཀ་སྦུག་ལྷ་མོའི་ཚོགས་པས་ཁོང་ལ་རེ་སྐུལ་ཞུས་དོན་བཞིན་ཀ་སྦུག་ལྷ་མོའི་དགེ་རྒན་གནང་བ་དང༌། ཕྱི་ལོ་ ༡༩༦༧ ལོར་རང་གཞུང་ཤེས་རིག་ལས་ཁུངས་ནས་བཀའ་ཕེབས་པ་ལྟར་བཞུགས་སྒར་རྡ་རམ་སར་གནས་སྤོས་ཀྱིས་བོད་གཞུང་ཟློས་གར་གྱི་ལྷ་མོའི་སྒྱུ་རྩལ་གྱི་དགེ་རྒན་གནང་བ་ནས་བཟུང་ད་བར་སྐྱོར་མོ་ལུང་གི་ལྷ་མོའི་འཁྲབ་སྲོལ་ཇི་བཞིན་པདྨ་འོད་འབར་དང༌། གཟུགས་ཀྱི་ཉི་མ། འགྲོ་བ་བཟང་མོ་བཅས་སློབ་འཁྲིད་གནང་བ་མ་ཟད་སྣང་ས་འོད་འབུམ། རྒྱ་བཟའ་བལ་བཟའ། གཅུང་པོ་དོན་ཡོད་དོན་གྲུབ་བཅས་པ་སློབ་འཁྲིད་གནང་ཡོད།
དེ་བཞིན་རྨེ་རུའི་དགེ་འདུན་པ་ཤེས་རབ་འབྱུང་གནས་ལགས་དང་ལྷན་དུ་རྨེ་རུ་སྤོང་སངས་ཀྱི་ལྷ་མོའི་འཁྲབ་སྲོལ་ཇི་བཞིན་རྒྱལ་སྲས་དད་པ་བརྟན་པ། རྡོ་བཀྲ་རྒན་སྤེན་པ་དོན་གྲུབ་ལགས་དང་ལྷན་དུ་གཅུང་པ་ལྷ་མོའི་འཁྲབ་སྲོལ་ཇི་བཞིན་ཆོས་རྒྱལ་དྲི་མེད་ཀུན་ལྡན། དེ་བཞིན་ཆབ་དག་མ་ཨོ་རྒྱན་ལགས་དང། གཅུང་པ་དགེ་རྒན་ཕུན་རབ་པ་རྡོ་རྗེ་རྒྱལ་པོ་ལགས་དང༌། གནས་ཆུང་སྐུ་ཞབས་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ལགས་དང་བཅས་ལྷན་དུ་རྒྱལ་མཁར་ཆོས་རྫོང་པའི་ལྷ་མོའི་འཁྲབ་སྲོལ་ཇི་བཞིན་ཆོས་རྒྱལ་ནོར་བཟང་བཅས་པར་སློབ་སྟོན་པའི་མཛད་འཁུར་ཆེ་བཞེས་དང༌། ལྷག་པར་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང༌། རྗེ་བཙུན་མི་ལ་རས་པ། ༸རྒྱལ་བ་ལྔ་པ་ཆེན་པོ་བཅས་ཀྱི་ལྷ་གཞུང་གསར་གཏོད་མཛད་སྐབས་ཁོང་ནས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ཁོང་གིས་ཕྱི་ལོ་ ༡༩༨༦ ནས་བཟུང་ཡུ་རོབ་དང་། ཨ་རི། ཉི་ཧོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཕྱོགས་ཕེབས་ཀྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་འཁྲབ་སྟོན་ལན་མང་གནང་བར་མི་མང་གིས་བསྔགས་བརྗོད་དང་། དགའ་བསུ་ཚད་མེད་ཐོབ་ཡོད།
ཕྱི་ལོ་ ༢༠༠༠ ལོར་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་ (Smithsonian) གྱིས་གོ་སྒྲིག་ཐོག་བོད་ཀྱི་དུས་ཆེན་ཞེས་པའི་སྡིངས་ཆའི་སྒང་ཁོང་གི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་སྐོར་གསུང་བཤད་དང་འཁྲབ་སྟོན་གནང་བར་གཟིགས་མོ་བ་རྣམས་ནས་བསྔགས་བརྗོད་གནང་། ཕྱི་ལོ་ ༢༠༠༡ ལོར་ཨི་ཊ་ལིར་བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ཚོགས་འདུར་བོད་ཀྱི་ལྷ་མོའི་སྒྱུ་རྩལ་སྤྱི་དང་། ཡང་སྒོས་སྐྱོར་མོ་ལུང་གི་འཁྲབ་སྟོན་སྐོར་གསུང་བཤད་གནང་ཡོད།
མདོར་ན། ཁོང་གིས་བཙན་བྱོལ་ནང་ལྷ་མོའི་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཆེད་གཞོན་སྐྱེས་བརྒྱ་ཕྲག་མང་པོར་སློབ་འཁྲིད་གནང་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༢ ཚེས་ ༢༩ ཉིན་ནས་བགྲེས་ཡོལ་དུ་ཕེབས་རྗེས་ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡ ཉིན་ནས་ལྷ་མོའི་སྒྱུ་རྩལ་སློབ་སྟོན་པའི་མཚན་གནས་སུ་བསྐོ་གཞག་གནང་། ཁོང་ནི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་པའི་སྐྱེ་བོ་ཞིག་གིས་སྙིགས་མ་ལྔ་ཡི་རང་རྟགས་ཆེས་ཆེར་བདོ་བའི་དུས་སུ་རང་ནུས་གང་ཡོད་བཏོན་ནས་མི་ཚེ་ཧྲིལ་པོ་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ཞབས་འདེགས་ཞུས་མྱོང་མཀཉ་གྱི་ལྷ་མོའི་སྒྱུ་རྩལ་གྱི་དགེ་རྒན་བཟང་པོ་ཞིག་ཡིན་པ་བཅས།